འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ནས་ནང་འདྲེན་བྱས་པའི་
    ཐོན་རྫས་འགའ་ཞིག་ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་སྐོར་ལ་གཏམ་བཤད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་05ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རི་ཕྱོགས་ཀྱིས་ཨ་སྒོར་དུང་ཕྱུར་2000རི་བའི་ཨ་རིར་ཕྱིར་གཏོང་བྱ་རྒྱུའི་ཀྲུང་གོའི་ཐོན་རྫས་ལ་སྒོ་ཁྲལ་ཐོལ་པ་10%བསྡུ་རྒྱུའི་གསལ་ཐོ་ཁྱབ་བསྒྲགས་བྱས་པའི་རྨང་གཞིའི་སྟེང་། སླར་ཡང་དཔྱ་ཁྲལ་བསྡུ་ཚད་10%ནས་25%བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད། གནས་ཚུལ་དེར་དམིགས་ཏེ་ཚེས་3ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་གཏམ་བཤད་སྤེལ་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ནས་ནང་འདྲེན་བྱེད་པའི་ཨ་སྒོར་དུང་ཕྱུར་600ཙམ་རི་བའི་ཐོན་རྫས་ལ་ཁྲིམས་བཞིན་ཁྲལ་བསྡུའི་ཚད་གཞི་མི་འདྲ་བ་བཞི་གཞིར་བཟུང་སྒོ་ཁྲལ་ཐོལ་པ་བསྡུ་རྒྱུའི་ཐག་བཅད་ཡོད་ཅེས་གསུངས་པ་རེད།
             མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱི་ཧེ་བག་ཅན་གྱི་ཁྲལ་ཚད་ཀྱི་འགོག་རྒོལ་བྱེད་ཐབས་ནི་ཚུལ་དང་མཐུན་ལ་བཟོད་བསྲན་བྱས་པ་ཞིག་ཡིན་ཞིང་། བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་ཤུགས་རྐྱེན་ཐེབས་ཆེ་ཆུང་ཚོད་སྐོར་ནན་ཏན་བྱས་རྗེས་བཏོན་པ་ཞིག་རེད། ལྷག་པར་དུ་མི་དམངས་ཀྱི་ཁེ་ཕན་དང་། ཁེ་ལས་ཀྱི་ཐེག་ནུས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་འཁོར་རྒྱུག་ལ་སྲུང་སྐྱོང་སོགས་རྒྱུ་རྐྱེན་ལ་བསམ་གཞིག་ནན་ཏན་བྱས་ཡོད། ཁྲལ་བསྡུ་བྱེད་ཐབས་ཀྱི་ལག་བསྟར་བྱེད་པའི་དུས་ཚོད་ཨ་རི་ཕྱོགས་ཀྱི་བྱ་སྤྱོད་ལ་གཞིགས་ནས་གཏན་འཁེལ་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་འགོག་རྒོལ་བྱེད་ཐབས་གཞན་དག་སྤྱོད་དབང་མུ་མཐུད་ཉར་རྒྱུ་ཡིན་ཞེས་གསུངས་པ་རེད།
           མགྲིན་ཚབ་པས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་གྱི་རྨང་གཞིའི་སྟེང་གྲོས་མོལ་བྱེད་པ་ནི་ཚོང་དོན་ཐད་ཀྱི་རྩོད་རྙོག་སེལ་བའི་ཐབས་ལམ་ནུས་ལྡན་ཞིག་རེད། ཕྱོགས་རྐྱང་པའི་འཇིགས་སྐུལ་ལམ་ཡང་ན་སྙད་འདོགས་གང་འདྲ་ཞིག་ཡིན་རུང་དེ་ལས་འགལ་ཟླ་ཆེ་རུ་སོང་ནས་ཕྱོགས་གཉིས་ཀའི་ཁེ་ཕན་ལ་གྱོང་གུན་ཕོག་རྒྱུ་ཡིན་པ་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
           མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་ཕྱོགས་གཉིས་ཀའི་ཁེ་ལས་དང་འཛད་སྤྱོད་པའི་ཁེ་ཕན་ལ་མི་བལྟོས་པར་རྟག་ཏུ་གནས་ཚུལ་ཛ་དྲག་ཏུ་བཏང་བས་ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་འགོག་རྒོལ་བྱེད་ཐབས་མི་སྤྱོད་ཀ་མེད་བྱུང་། རྒྱལ་ཁབ་ཀྱི་ལ་རྒྱ་དང་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་དང་། རང་མོས་ཉོ་ཚོང་དང་ཕྱོགས་མང་ལམ་སྲོལ་ལ་སྲུང་སྐྱོང་། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་ལུགས་ཀྲུང་གོ་ཕྱོགས་ཀྱིས་བསྐྱར་དུ་ནན་བཤད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།