འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱེད་ཀྱི་བརྩེ་སེམས་ཀྱིས་བདག་གི་སེམས་ཀྱི་ཞིང་ས་བརླན།

    ——ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཝ་ནུ་ཨ་ཐུར་འཚམས་འདྲི་བྱས་པ་དང་སྦྲགས་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུ་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་05ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཝ་ནུ་ཨ་ཐུ་སྤྱི་མཐུན་རྒྱལ་ཁབ་ལྷོ་ཞི་བདེ་རྒྱ་མཚོའི་ནུབ་རྒྱུད་དུ་གནས་ཤིང་། དེ་གླིང་ཕྲན་83ལས་གྲུབ་པ་དང་། སྐམ་སའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.2ཟིན་པ་དང་། རྒྱལ་ཡོངས་སུ་མི་འབོར་ཁྲི་25ཙམ་ཡོད། སྨན་བཅོས་སྒྲིག་ཆས་དཀོན་པ་དང་། ལག་རྩལ་སྟོབས་ཤུགས་ཞན་པའི་དབང་གིས་སྨན་བཅོས་བྱ་རྒྱུ་དེ་དུས་ཡུན་རིང་པོའི་ནང་ཝ་ནུ་ཨ་ཐུའི་ས་གནས་དེ་གའི་དམངས་ཚོགས་ལ་འཕྲད་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
          ཉེ་ཆར། “ཞི་མཐུན་འགན་འཁྲི་—2018”ཞེས་པའི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་ཞི་བདེའི་སྨན་ཁང་གྲུ་གཟིངས་ཝ་ནུ་ཨ་ཐུར་འབྱོར་ནས་འཚམས་འདྲི་བྱེད་འགོ་ཚུགས་པ་དང་སྦྲགས་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུ་བྱས་ཡོད། འདི་ནི་ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་2014ལོར་ཝ་ནུ་ཨ་ཐུར་འཚམས་འདྲི་བྱས་རྗེས་འཚམས་འདྲི་བྱེད་ཐེངས་གཉིས་པ་ཡིན་པས་ས་གནས་དེ་གའི་དམངས་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།
         ཟླ་7ཚེས་24ཉིན་ནི་ཝ་ནུ་ཨ་ཐུའི་བྱིས་པའི་དུས་ཆེན་ཡིན་པས་རྒྱལ་ཡོངས་སུ་ངལ་གསོ་ཉིན་གཅིག་བཞག་ཡོད་ཅིང་། པ་ཕ་དང་ཨ་མའི་རོགས་རམ་འོག་ལོ་5ལ་སོན་པའི་བུ་མོ་མཚེ་མ་གསུམ་ལེ་ཐུའུ་ལུའུ་དང་། མ་དབྱི་ནཱ། ཨའེ་སི་ཕིར་བཅས་ཀྱིས་ཞི་བདེའི་གྲུ་གཟིངས་ཐོག་སྨན་པ་བསྟེན་པར་ཡོང་བ་དང་དུས་མཚུངས་དུས་ཆེན་གྱི་ལག་རྟགས་ཀྲུང་གོའི་དོམ་ཁྲའི་རྩེད་ཆས་རག་ཡོད། བུ་མོ་མཚེ་མ་གསུམ་གྱིས་རྩེད་ཆས་ལ་དམ་པོར་འཇུ་བཞིན་འདྲེན་བྱེད་ཟུང་ལས་ཧ་ལས་ཧང་སངས་དང་དགའ་སྤྲོའི་རྣམ་འགྱུར་མངོན།
         ནད་བརྟག་སྨན་བཅོས་བྱེད་འཇུག་འགྲིལ་རྗེས། ཕྲུ་གུ་གསུམ་གྱི་པ་ཕ་དང་ཨ་མས“ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱི་སྨན་དོན་མི་སྣས་ང་ཚོར་ནད་གཞི་བལྟ་རོགས་བྱས་པ་མ་ཟད། ད་དུང་ཕྲུ་གུ་ཚོར་དམིགས་བསལ་གྱི་བྱིས་པའི་དུས་ཆེན་གཏོང་དུ་བཅུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ཕྲུ་གུ་ཚོའི་སེམས་ནང་གཅེས་སེམས་དང་རེ་བའི་ས་བོན་བཏབ་པ་ཞིག་རེད”ཅེས་ཡང་ཡང་ཞུས་པ་རེད།
          ལོ་53ལ་སླེབས་པའི་ཨེར་ཧྲ་·ཁའེ་ཤིས་ནི་རྒྱལ་ས་ཝེ་ལ་གྲུ་ཁའི་བདེ་སྲུང་བ་དཀྱུས་མ་ཞིག་ཡིན་ཞིང་། 2014ལོར་ཞི་བདེའི་སྨན་ཁང་གྲུ་གཟིངས་ཝ་ནུ་ཨ་ཐུར་འཚམས་འདྲིར་ཐེངས་དང་པོ་ཡོང་སྐབས་ཁོང་གིས་གྲུ་གཟིངས་ཐོག་མིག་གཡས་པའི་སྐྱ་གྲིབ་གཤགས་བཅོས་དང་ལེན་བྱས་ཡོད། ཟླ་7ཚེས་26ཉིན། ཁའེ་ཤིས་ཞི་བདེའི་སྨན་ཁང་གྲུ་གཟིངས་སླར་ཡང་ཡོང་བ་ཤེས་སྐབས་བྲེལ་བ་ཆེན་པོས་སྐབས་དེ་དུས་ཞི་བདེའི་སྨན་ཁང་གྲུ་གཟིངས་ཐོག་གཉེར་བའི་ནད་དེབ་བཙལ་ནས་ཐད་ཀར་གྲུ་ཁར་བསྐྱོད་དེ་གྲུ་གཟིངས་ཐོག་འཛེགས་པ་རེད།
          “ང་ཚོའི་རྒྱལ་ཁབ་ཏུ་མིག་ནད་སྨན་བཅོས་བྱེད་པར་ཧ་ཅང་སྟབས་བདེ་པོ་མེད། ཕྱི་རྒྱལ་དུ་སྨན་བཅོས་བྱེད་པར་སྐྱོད་པར་ཡང་སྨན་ཡོན་ཧ་ཅང་མཐོ་པོ་དགོས་ཀྱི་ཡོད། ལོ་བཞིའི་གོང་། ཞི་བདེའི་སྨན་ཁང་གྲུ་གཟིངས་དེ་ཁུལ་དུ་ཡོང་ནས་ངའི་མིག་གཡས་པ་ཡག་པོ་བཅོས་བྱུང་བས་ངས་ཀྲུང་གོའི་སྨན་པའི་ཆེད་ལས་ལག་རྩལ་དང་སེམས་རྩ་འཁོལ་བའི་རྣམ་འགྱུར་མྱོང་ཚོར་ཏན་ཏིག་ཐུབ་བྱུང་། ངའི་མིག་གཡོན་མར་སྐྱོན་འདུག་པས་ལོ་གཉིས་རིང་རྟག་ཏུ་ཁྱེད་ཚོ་སླར་ཡང་ཕེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་ཁའེ་ཤིས་བརྗོད།
          གཤགས་བཅོས་གོང་གི་བརྟག་དཔྱད་མང་པོ་བྱས་པ་བརྒྱུད། ཚེས་27ཉིན་གྱི་དགོང་མོ་མིག་ནད་ཚན་ཁག་གི་སྨན་པ་གཉིས་ཀྱིས་ཁའེ་ཤིས་ཀྱི་མིག་གཡོན་མའི་སྐྱ་གྲིབ་བཀོག་པ་དང་སྦྲགས་མི་ཐབས་ཤེལ་གཟུགས་བཅུག་པའི་གཤགས་བཅོས་བྱས་པ་རེད།
          ལོ་29ལ་སླེབས་པའི་ཝ་ནུ་ཨ་ཐུའི་བུད་མེད་ནུ་ཨའེ་ལི་ནེ·ཧ་མོ་ལ་ཡུན་རིང་ཕྲུ་གུ་མི་འཁོར་བ་མ་ཟད། གསུས་ཁོག་རྟག་ཏུ་ན་ཟུག་གཏོང་གི་ཡོད། ས་གནས་དེ་གར་སྨན་བཅོས་ཆ་རྐྱེན་ཞན་པའི་དབང་གིས་སྨན་པས་ཁོ་མོར་ཕྱི་རྒྱལ་དུ་སྨན་བཅོས་བྱེད་པར་བསྐྱོད་རྒྱུའི་གྲོས་འགོ་བཏོན་ཀྱང་སྨན་རིན་མཐོ་པོ་ཡོད་པའི་རྐྱེན་གྱིས་ཁོ་མོ་བསམ་བཞིན་དུ་རེ་ཐག་ཆད་པ་རེད། ད་ཐེངས་ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱི་ཆུ་ཚད་མཐོ་ལ་རིན་པ་སྤྲོད་མི་དགོས་པའི་སྨན་བཅོས་ཞབས་ཞུ་བྱེད་པ་གོ་ཐོས་བྱུང་རྗེས་ཁོ་མོས་མྱུར་དུ་གནས་དེར་སྨན་བཅོས་བྱེད་པར་ཡོང་བ་རེད།
          བུད་མེད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཁྲེན་ཡུས་ཀྱིས་བརྟག་དཔྱད་བྱས་རྗེས་ཧ་མོ་ཡི་བསམ་བསེའུ་གཡོན་ངོས་ལ་ཤ་སྐྲན་ཡོད་པས་གཤགས་བཅོས་བྱེད་དགོས་པ་ཤེས་རྟོགས་ཐུབ། ཕྱོགས་གང་ས་ཅི་ཐད་ཀྱི་བསམ་གཞིག་ཕྱོགས་བསྡུས་བྱས་རྗེས་ཁྲེན་ཡུས་ཀྱིས་ཝ་ནུ་ཨ་ཐུར་མེད་པའི་གསུས་ཁོག་ཤེལ་སྤྱད་ནས་རྨ་ཆུང་བའི་ལག་རྩལ་སྤྱད་དེ་ཧ་མོར་གཤགས་བཅོས་བྱ་རྒྱུའི་ཐག་བཅད། གཤགས་བཅོས་བྱས་པ་བརྒྱུད་ཁོ་མོའི་བསམ་བསེའུ་ཡི་ནང་ནས་ལི་སྨི་10ཙམ་ཟིན་པའི་ཤ་སྐྲན་ཞིག་བཀོག་པ་དང་འབྲེལ་ཁོ་མོའི་བསམ་བསེའུ་དྲག་སྐྱེད་ཐུབ་པ་བྱས་པ་རེད།
          གཤགས་བཅོས་ལེགས་གྲུབ་ཟིན་རྗེས་ཧ་མོ་ཡིས“ཀྲུང་གོའི་སྨན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྨན་པ་ཁྲེན་ལགས་ཀྱིས་རྗེས་སུ་ང་ཨ་མ་ཆགས་རྒྱུའི་རེ་བ་ཡོད་ལུགས་གསུང་སྐབས་ངའི་སེམས་ནང་བརྗོད་པར་དཀའ་བའི་དགའ་ཚོར་ཆེན་པོ་བྱུང”ཞེས་བཤད།
           ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཝ་ནུ་ཨ་ཐུར་འཚམས་འདྲི་བྱེད་རིང་། ཀྲུང་གོ་སྲིད་གཞུང་གིས་ཞི་བདེའི་སྨན་ཁང་གྲུ་གཟིངས་མངགས་པར་ཝ་ནུ་ཨ་ཐུའི་ཙུང་ཐུང་མོ་ཤིས་སོགས་འགོ་ཁྲིད་མི་སྣས་ཐུགས་རྗེ་ཆེ་ཐེངས་མང་ཞུས་པ་དང་། དེ་ཐོག་ནས་ཝ་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་མཚོན་པའི་ངོས་འཛིན་བྱེད་པ་མ་ཟད། ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཝ་ནུ་ཨ་ཐུའི་མི་དམངས་ལ་མིག་ནད་གཤགས་བཅོས་དང་བདེ་སྐྱིད་བསྐྲུན་པར་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཝ་ནུ་ཨ་ཐུར་འཚམས་འདྲི་བྱེད་རིང་། ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་སྟེགས་བུ་གཙོ་བོར་སྨན་བཅོས་ཞབས་ཞུ་བྱས་པ་མ་ཟད། ད་དུང་ཡན་ལག་རུ་ཁག་མང་པོ་ས་གནས་དེ་གའི་སྨན་ཁང་དང་། གྲོང་གསེབ། སྡེ་ཁུལ། སློབ་གྲྭ དབང་སྐྱོན་ལྟེ་གནས་སོགས་སུ་སྐོར་བསྐྱོད་ནད་བརྟག་སྨན་བཅོས་བྱེད་པར་མངགས་ཡོད་པ་རེད།
           ཚེས་27ཉིན་གྱི་ཆུ་ཚོད་16བར་དུ་ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ནད་པ་མི་ཐེངས་3572ལ་སྨན་བཅོས་བྱས་པ་དང་། ནད་པ་21སྨན་ཁང་དུ་ཉར་ནས་སྨན་བཅོས་བྱས་པ། ནད་པ་མི་ཐེངས་20ལ་གཤགས་བཅོས་བྱས་ཡོད་པ་རེད།
           ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ལ་གྲུ་ཁ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཡུང་ཤིན་དང་། ཅང་ཧྲན་གྱིས།
      

    ཕྱོགས་བསྡུས་གསར་འགྱུར།