འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིས་ཀྲུང་གོས་འདྲ་མཉམ་མིན་པའི་ཉོ་ཚོང་བྱེད་པར་སྐྱོན་བཙུགས་པར་
    འདྲ་མཉམ་ནི་རང་གཏམ་རང་བརྗོད་བྱེད་མི་རུང་ཞེས་ལན་སློག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་16ཉིན། ཨ་རིས་《301བརྟག་དཔྱད་སྐོར་གྱི་གསལ་བསྒྲགས་》ནང་ཀྲུང་གོས་དུས་ཡུན་རིང་པོར་འདྲ་མཉམ་མིན་པའི་ཉོ་ཚོང་བྱེད་པར་སྐྱོན་བཙུགས་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་འདྲ་མཉམ་ནི་ཚང་མས་འདྲ་མཉམ་ངང་གྲོས་མོལ་ལ་བརྟེན་ནས་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱེད་པ་ལས། རང་གཏམ་རང་གིས་བརྗོད་པ་དང་། རང་ངོས་ཀྱི་ཁེ་ཕན་དང་མཐུན་པའི་ཚད་གཞི་གཏན་འབེབས་བྱེད་པ། ཐ་ན་རྒྱལ་ཁབ་གཞན་དག་གི་འདྲ་མཉམ་དང་ཁེ་ཕན་བློས་བཏང་ནས་ཁེ་སྤོགས་ཆེ་ཤོས་ལེན་ཐབས་བྱེད་མི་རུང་ཞེས་བསྟན་ཡོད།
            ཉིན་དེའི་གསར་འགོད་པའི་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཨ་རིས་《301བརྟག་དཔྱད་སྐོར་གྱི་གསལ་བསྒྲགས་》ནང་ཀྲུང་གོས་དུས་ཡུན་རིང་པོར་འདྲ་མཉམ་མིན་པའི་ཉོ་ཚོང་བྱས་པའི་དབང་གིས་ཀྲུང་གོར་ཁེ་བཟང་ཐོབ་པ་དང་། ཨ་རིར་གྱོང་གུན་ཐེབས་པའི་སྐྱོན་བཙུགས་པར་ཕྱི་འབྲེལ་པུའི་མགྲིན་ཚབ་པས་དེའི་ཐད་ལན་གང་ཞིག་ཡོད་དམ་ཞེས་དྲིས།
           ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཚོང་དོན་པུའུ་ཡིས་གཟའ་འཁོར་སྔོན་མར་གསལ་བསྒྲགས་སྤེལ་ཏེ། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་ནོར་འཁྲུལ་གྱི་ལྟ་ཚུལ་ལ་དགག་པ་བརྒྱབ་ཡོད། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་སྐྱོན་འཛུགས་དེ་རྦད་དེ་དོན་དངོས་དང་འགལ་བ་དང་ཁུངས་འཁྱོལ་མི་ཐུབ་པར་བསྟན་ཡོད། ངས་སླར་ཡང་ཨ་རི་ཕྱོགས་ལ་གནད་དོན་འགའ་འདྲི་འདོད།
           དང་པོ། ཚང་མས་ཤེས་གསལ་ལྟར། ཨ་རི་ནི་འཛམ་གླིང་གི་ཚོང་དོན་སྒྲིག་སྲོལ་བཟོ་མཁན་གཙོ་བོ་དང་། ཨ་སྒོར་ནི་རྒྱལ་སྤྱིའི་ཚོང་ལས་ནང་གི་བསྡོམས་རྩིས་ཀྱི་དངུལ་ལོར་གཙོ་བོ་དེ་ཡིན། ཀྲུང་གོ་ནི་རྒྱལ་སྤྱིའི་ཚོང་དོན་ནང་རྗེས་སུ་ཞུགས་མཁན་དང་། WTOཡི་སྒྲིག་སྲོལ་དང་ལེན་བྱེད་མཁན་ཡིན། ཚད་གཞི་བཟོ་མཁན་གྱིས་གཏན་ལ་ཕབ་པའི་སྒྲིག་སྲོལ་ནི་རང་གནོད་གཞན་ཕན་ཞིག་ཡིན་པ་སུས་ཡིད་ཆེས་སམ།
           གཉིས་པ། འདས་ཟིན་པའི་ལོ་ངོ་40རིང་། ཀྲུང་གོ་དང་ཨ་རིའི་ཉོ་ཚོང་གི་གཞི་ཁྱོན་ལྡབ་230འཕར་ཡོད་ཅིང་། ན་ནིང་རྒྱལ་ཁབ་གཉིས་ཀའི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་6000ཙམ་ཟིན་ཡོད། འདི་ནི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་གཉིས་ཀར་ཁེ་ཕན་ཡོད་རྐྱེན་ཡིན། ཚང་མས་ཤེས་གསལ་ལྟར། ཚོང་རྒྱག་མཁན་གྱིས་ཕམ་ཚོང་རྒྱག་མི་སྲིད། མ་རྩ་ནི་ཐོག་མ་ཉིད་ནས་ཁེ་ཕན་ཐོབ་ཐབས་ཤིག་རེད། འོ་ན་ཨ་རིས་འདས་པའི་ལོ་40ཡི་རིང་རྟག་ཏུ་ཀྲུང་གོ་དང་ཕམ་ཚོང་བརྒྱབ་པ་ཡིན་ནམ། ཨ་རི་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཀྲུང་གོ་དང་ཚོང་རྒྱག་མཁན་ཨ་རིའི་ཁེ་ལས་རྣམས་ལ་་དྲང་བདེན་གྱི་སྐད་ཆ་ཞིག་བཤད་དུ་བཅུག་ན་ཆོག་གམ། 
          གསུམ་པ། དེ་རིང་གི་ཀྲུང་གོ་འདི་ཉིད་ནི་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད་པ་དང་། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་ཕྱིར་གཏོང་ཁྲོམ་ར་གལ་ཆེན་དང་། གོ་ལ་ཧྲིལ་པོའི་ཕྱི་དངུལ་ནང་འདྲེན་བྱས་པ་མང་ཤོས་ཀྱི་དར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན། ན་ནིང་ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་བཀུག་ཚད་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་ཅིང་། ད་ལོའི་ལོ་སྟོད་དུ་ཀྲུང་གོའི་གསར་དུ་བཙུགས་པའི་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ན་ནིང་གི་དུས་མཉམ་ལས་96.6%འཕར་ཡོད། འོ་ན་རྒྱལ་ཁབ་འདི་འདྲའི་མང་པོ་ཞིག་གིས་་ཀྲུང་གོ་དང་མུ་མཐུད་ཕམ་ཚོང་རྒྱག་གི་ཡོད་དམ།
          ཧྭ་ཁྲུན་ཡིང་གིས། གལ་སྲིད་དེ་སྔོན་ཀྲུང་གོ་འཛམ་གླིང་ཚོང་དོན་ཚོགས་པར་ཞུགས་པར་གྲོས་མོལ་བྱེད་དུས། WTOཡིས་ཀྲུང་གོར་དམིགས་ནས་སྒྲིག་སྲོལ་གྱི་ཆ་རྐྱེན་དམའ་རུ་གཏོང་རྒྱུ་མིན་ན། དེས་ན་དེ་རིང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་རླབས་རྒྱུན་ཡང་ཨ་རི་ཚུད་པའི་རྒྱལ་ཁབ་ཅིག་གིས་ཀུན་དང་ལྡོག་པའི་ལས་ཀ་བྱས་པས་རང་རང་ཁེར་རྐྱང་དུ་འགྱུར་མི་སྲིད།  ད་ལྟ་རྒྱལ་ཁབ་ཁག་ཕན་ཚུན་བརྟེན་ཞིང་གནས་པ་དང་ལས་དབང་གཅིག་མཐུན་གྱི་དུས་རབས་ནང་། སྲུང་སྐྱོབ་རིང་ལུགས་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པས། ཕྱོགས་རེའི་རིང་ལུགས་ཀྱིས་རང་ཉིད་བརླག་རྒྱུ་ཁོ་ནའོ་ཞེས་བསྟན་པ་རེད།  
      

    ཕྱོགས་བསྡུས་གསར་འགྱུར།