འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོར་བརྟན་སྲུང་བྱེད་མཁན“ས་གོ་ལའི་རྩ་བརྟག་མཁན”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་པོ་ཧང་ཤང་གི་རི་ཁུག་ཏུ་ཐོག་སོ་གཉིས་ལྡན་གྱི་ཐོག་ཁང་ཆུང་ཆུང་ཞིག་གནས་པ་དེའི་མཐའ་བཞིའི་གྱང་ངོས་སུ་ས་ཡོམ་གྱི་དྲིལ་བསྒྲགས་རི་མོ་བྲིས་ཡོད་པ་རེད། དེ་གར་ནི་པའེ་ཀྲན་ཞའོ་ལས་ཀ་བྱེད་སའི་ཧོང་ཡོན་ས་ཡོམ་བརྟག་དཔྱད་ཁང་རེད།
         ལོ་43ལ་སླེབས་པའི་པའེ་ཀྲན་ཞའོ་ནི་མཚོ་སྔོན་ས་ཡོམ་ཅུས་ཧོང་ཡོན་ས་ཡོམ་བརྟག་དཔྱད་ཁང་གི་ཐའེ་ཀྲང་ཡིན་པ་དང་། ས་ཡོམ་བརྟག་དཔྱད་ཁང་དེའི་ས་བབ་མཐོ་ཚད་སྨི་2829ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དང་བར་ཐག་སྤྱི་ལེ་60ཆོད་ཅིང་། དེ་ནི་ཀྲུང་གོ་ས་ཡོམ་ཅུས་ཀྱི་གཞི་རྩའི་བརྟག་དཔྱད་ཁང་གི་གྲས་ཤིག་རེད།
         པའེ་ཀྲན་ཞའོ་1996ལོར་ལས་ཀར་ཞུགས་པ་དང་། སྔ་རྗེས་སུ་ཏ་ཝུའུ་དང་། གཏེར་ལེན་ཁ། གོར་མོ། ཧོང་ཡོན་བཅས་ས་ཁུལ་4ཡི་ས་ཡོམ་བརྟག་དཔྱད་ཁང་དུ་ལས་ཀ་བྱེད་མྱོང་ཡོད། 2007ལོར་ཧོང་ཡོན་ས་ཡོམ་བརྟག་དཔྱད་ཁང་གི་ཐའེ་ཀྲང་བྱས་རྗེས་ཁོང་གིས་ཧོང་ཡོན་ས་ཡོམ་བརྟག་དཔྱད་ཁང་གི་རྒྱུན་གཏན་གྱི་ས་ཡོམ་ལྟ་ཞིབ་ཚད་ལེན་དང་གཞི་གྲངས་དབྱེ་ཞིབ་ལས་དོན་སོགས་ལ་ཞན་ཆ་མང་པོ་ཡོད་སྟབས། “མི་ཐབས་ལ་བརྟེན་ནས་ས་ཡོམ་གཞི་གྲངས་ཐོ་འགོད་དང་དབྱེ་ཞིབ་བྱེད་པར་ནོར་འཁྲུལ་ཤོར་ཚད་ཧ་ཅང་ཆེན་པོ་ཡོད་པས་ལས་ཕྱོད་ཆུང་བ་མ་ཟད་ད་དུང་གནད་ལ་འཁེལ་ཚད་ཞན་པོ་ཡོད་པ”ཤེས་རྟོགས་བྱུང་བ་རེད།
         ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ནུས་ལྡན་ངང་མཐོ་རུ་ཇི་ལྟར་གཏོང་དགོས་སམ། ས་ཡོམ་དབྱེ་ཞིབ་སྔར་བས་ཡང་དག་པ་ཞིག་ཇི་ལྟར་ཡོང་ཐུབ་བམ། 2008ལོར་ཁོང་གིས་མ་ལག་དེར་འཚམ་པའི་ནོར་འཁྲུལ་ཡོ་བསྲང་དང་། རྩོམ་སྒྲིག གོང་ཞུ་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་མཉེན་ཆས་ཤིག་རང་བརྟེན་ཞིབ་བཟོ་བྱས་པ་རེད།
         ཉེ་བའི་ལོ་10རིང་། མཚོ་བོད་ས་མཐོའི་བརྟག་དཔྱད་ཁང་དཀྱུས་མ་དེར་དམིགས་བསལ་མཚན་སྙན་མང་པོ་ཐོབ་པ་སྟེ། 2008ལོར་རྒྱལ་ཡོངས་ཀྱི་ས་ཡོམ་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་བའི་སྤུས་ཚད་དཔྱད་བསྡུར་ནང་ས་ཡོམ་གྱི་ལྟ་ཞིབ་ཚད་ལེན་ཨང་དང་པོ་དང་། 2012ལོར་མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གེགས་སེལ་གྱི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་ཨང་དང་པོ། 2013ལོར་རྒྱལ་ཡོངས་ཀྱི་ས་ཡོམ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་སོགས་རེད།
         མཚན་སྙན་དེ་དག་གི་རྒྱབ་ཏུ་པའེ་ཀྲན་ཞའོ་དང་ལས་རོགས་ཚོའི་དཀའ་སྤྱད་ཀྱི་ལེགས་སྐྱེས་འདུས་ཡོད། ཧོང་ཡོན་ས་ཡོམ་བརྟག་དཔྱད་ཁང་དུ་མི་མང་པོ་མེད་པ་དང་དེ་གར་ཉིན་མཚན་གྱི་ཧེ་བག་ཆེ་བ་དང་རྟག་ཏུ་བྱེ་རླུང་གང་སར་ལྡང་བས་ལྟ་ཞིབ་ཚད་ལེན་བྱེད་མཁན་ཚོས་ལོ་འཁོར་མོར་དཀའ་ཚེགས་ཆེ་ལ་ཉམས་ཞན་གྱི་རང་བྱུང་ཆ་རྐྱེན་ལ་འགྲན་རྩོད་བྱེད་དགོས་ཀྱི་ཡོད།
         ཁྲེན་ཡུང་ཧྭ་ཡིས་ཧོང་ཡོན་ས་ཡོམ་བརྟག་དཔྱད་ཁང་གི་འདྲ་བཟོའི་ལྟ་ཞིབ་ཚད་ལེན་གྱི་འགན་འཁུར་གྱི་ཡོད་པ་དང་། ནམ་དུས་གང་ཞིག་ཡིན་རུང་ཉིན་ལྟར་དུས་ཚོད་གཏན་འཁེལ་དང་ས་ཆ་གཏན་འཁེལ་ལ་ཆུ་ལེན་དགོས་ཀྱི་ཡོད་པ་དང་ཁོང་གིས་ལས་ཀ་དེ་ལོ་20ལྷག་ཙམ་བྱས་པ་རེད།
         ཉིན་ལྟར་ཞོགས་པ་ནམ་མ་ལངས་གོང་། ཁྲེན་ཡུང་ཧྭ་ཡིས་ཆུ་དམ་བཞི་ཁྱེར་ནས་ཆུ་ལེན་སར་སྐྱོད་ཀྱི་ཡོད། ལམ་བར་དུ་རྐང་པ་རྡབ་རྡབ་གཏོང་བ་དང་གླུ་ལེན་པ་དང་། སྐབས་འགར་བྱེའུ་ཆུང་གིས་ཀྱང་ལྕང་གསེབ་ནས་སྐད་སྙན་སྒྲོག་བཞིན་མཆིས། གངས་འབབ་སྐབས་རི་སྟེང་གི་སྲོག་ཆགས་ཀྱི་རྐང་རྗེས་དེ་དག་ནི་ཁོང་གི་འགྲོ་རོགས་ཡག་ཤོས་དེ་རེད།
         དུས་ཐོག་ཏུ་ས་ཡོམ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱ་ཆེད། འཛམ་གླིང་ཐོག་གི་ས་ཡོམ་བརྟག་དཔྱད་ཁང་སྟོང་ཕྲག་ལྷག་ཙམ་གྱིས་ཉིན་མཚན་དབྱེར་མེད་ཀྱིས་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། པའེ་ཀྲན་ཞའོ་དང་ཁོང་གི་ལས་རོགས་ཚོ་དང་འདྲ་བའི་ས་ཡོམ་ལྟ་ཞིབ་ཚད་ལེན་པ་མང་པོས་ཁེ་གྲགས་གང་ཡང་མེད་པར་ཐིག་དཔྱད་ཀྱི་འགྲམ་དུ་བརྟན་སྲུང་བྱས་ནས“སའི་གོ་ལའི་རྩ་བརྟག་མཁན་གྱི”འགན་འཁུར་བཞིན་ཡོད།
         པའེ་ཀྲན་ཞའོ་ཡིས“ས་ཡོམ་ལྟ་ཞིབ་ཚད་ལེན་ནི་རྒྱུན་ཆད་རྒྱུ་མེད་པ་དང་། ང་ཚོའི་བརྟག་དཔྱད་ཁང་དུ་དུས་དང་རྣམ་པ་ཀུན་ཏུ་ལས་ཀ་བྱེད་མཁན་ཡོད་ལ། དུས་ཆེན་དང་ངལ་གསོའི་སྐབས་སུའང་རྒྱུན་གཏན་ལྟར་རེད། གཞི་རིམ་གྱི་ས་ཡོམ་ལྟ་ཞིབ་ཚད་ལེན་པ་དཀྱུས་མ་ཞིག་གི་ངོས་ནས། ང་ཚོས་སྒྲུབ་པའི་ལས་དོན་གྱིས་སླད་ཕྱིན་མིའི་རིགས་ཀྱིས་ས་ཡོམ་སྔོན་དཔག་བྱེད་པར་རང་ཉིད་ཀྱི་ལེགས་སྐྱེས་འབུལ་བ་ཞིག་ཡིན་པས་དེ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།