འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་བོད་དམག་བའི་དམངས་ཁྲོད་ཀྱི་གནའ་བོའི་བཟོ་རྩལ་དེང་དུས་སུ་རྒྱུན་འཛིན་
    ཡག་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་དུ་བོད་དམག་བའི་རིག་གནས་བསམ་བཀོད་བརྩམས་ཆོས་ཇི་མ་ཇི་བཞིན་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། ད་བར་དུ་རྒྱུན་འཛིན་བྱས་པའི་བོད་དམག་བའི་གནའ་བོའི་བཟོ་རྩལ་མང་པོ་ཞིག་དེང་རབས་རིག་གནས་བསམ་བཀོད་ཐོན་རྫས་ལ་བརྟེན་ནས་སྐྱེ་བོའི་འདྲེན་བྱེད་ཀྱི་ལམ་དུ་བཤམས་པས། དེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་རྒྱུན་འཛིན་ཡག་པོ་ཐུབ་ཡོད།
         བོད་དམག་བ་གཙོ་བོ་ཀྲུང་གོའི་ལྷོ་ནུབ་ཀྱི་པེ་ཧྲུའེ་གཙང་འགྲམ་དུ་ཆགས་ཤིང་། སྐད་ཆ་ཁག་གཅིག་བོད་སྐད་དང་འདྲ་པོ་ཡོད། མིག་སྔར་ཀྲུང་གོའི་བོད་དམག་བའི་མི་འབོར་ཁྲི་2ཙམ་ཡོད་པ་དེ་དག་གཙོ་བོ་ཀན་སུའུ་ཞིང་ཆེན་ཝུན་རྫོང་དང་། སི་ཁྲོན་ཞིང་ཆེན་ཕིང་ཝུའུ་རྫོང་དང་གཟི་ཚ་སྡེ་དགུ་རྫོང་དུ་གནས་ཡོད། ཡིན་ནའང་ཐག་རིང་ལུང་ཁུག་ས་ཁུལ་ཡིན་པའི་དབང་གིས་བོད་དམག་བའི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་ལ་མི་ཚོས་དེ་ཙམ་རྒྱུས་མངའ་མེད་པ་དང་། གནའ་བོའི་ཐུན་མིན་གྱི་བོད་དམག་རིག་གནས་དེ་སྔ་རྒྱུན་ཆད་ལ་ཁད་ཀྱི་གནས་སུ་གྱར་ཡོད།
         ད་རེས་ཀྱི་འགྲེམས་སྟོན་ལ་རིང་ཚད་སྨི་13ཟིན་པའི་དར་སྲབ་སྤུས་དག་གི་བརྩམས་ཆོས《བོད་དམག་བའི་དམངས་སྲོལ་གྱི་སྐོར》ཞེས་པས་ཡུལ་སྐོར་བའི་ཡིད་དབང་ཅིག་ཅར་དུ་འཕྲོགས་ཡོད། དེའི་གསར་རྩོམ་བྱེད་མཁན་གཙོ་བོ་ཏེང་ཡ་ནན་གྱིས་གསར་འགོད་པར་ངས་རི་མོ་འདི་བརྒྱུད་ནས་བོད་དམག་བའི་གདོད་མའི་མཚོན་ཆོས་དང་། དད་མོས། གཉེན་སྒྲིག་དང་དུས་ཆེན་སོགས་དམངས་སྲོལ་རིག་གནས་མཚོན་ཐུབ་ན་སྙམ་བྱུང་ཞེས་བཤད།
          ཏེང་ཡ་ནན་ནི་པེ་ཅིང་མཉམ་འབྲེལ་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་བ་ཡིན་པ་དང་། ལོ་དྲུག་གོང་བོད་དམག་གྲོང་སྡེར་ཐེངས་དང་པོ་སླེབས་རྗེས་ཡུལ་དེའི་དམངས་སྲོལ་རིག་གནས་ཀྱིས་རྦད་དེ་ཡིད་དབང་འཕྲོགས་པ་དང་། དེ་རྗེས་ཁོང་གིས་རིག་གནས་བསམ་བཀོད་ཚོགས་པ་ཁྲིད་དེ་བོད་དམག་བའི་དམིགས་བསལ་ཁྱད་ཆོས་ལྡན་པའི་རི་མོ་ལེགས་སྒྲིག་བྱས་རྗེས་VRཡི་འདྲ་བཟོའི་ལག་རྩལ་སྤྱད་དེ་དམངས་སྲོལ་གྱི་རི་མོ་དང་། མཛེས་བཟོའི་སྒྱུ་རྩལ། ཚོན་ཁྲ་སོགས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ་མ་ཟད། བོད་དམག་བའི་རི་མོའི་གྲངས་གཞིའི་མཛོད་རིམ་བཞིན་བཙུགས་ཡོད། ད་ཆ་གྲངས་གཞིའི་མཛོད་དེས་རི་མོ་6000ལྷག་ཙམ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བཏང་ཡོད།
         དེ་ནི་བོད་དམག་བའི་གནའ་བོའི་དམངས་སྲོལ་དང་བཟོ་རྩལ་རྒྱུན་འཛིན་ཐུབ་པའི་དཔེ་མཚོན་ཞིག་རེད།
         2008ལོ་ནས་བཟུང་སྲིད་གཞུང་སྡེ་ཚན་གྱིས་བོད་དམག་གི་དམངས་སྲོལ་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཤིང་། ཝུན་རྫོང་ལ་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས“ཀྲུང་གོའི་བོད་དམག་བའི་དམངས་སྲོལ་རིག་གནས་ཀྱི་ཕ་ཡུལ”ཞེས་པའི་མིང་བཏགས་པ་དང་། བོད་དམག་བའི“འཆམ”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་ཁག་དང་པོའི་མིང་གཞུང་དུ་བཅུག་པ། ཝུན་རྫོང་ཐེ་ལུའོ་ཤང་ཚའོ་ཧོ་པ་དང་། ཧྲེ་མོན་རོང་། ཨན་པེན་ཏེ་སོགས་བོད་དམག་བ་གནས་སྡོད་བྱ་ཡུལ་གྱི་སྲོལ་རྒྱུན་གྲོང་སྡེ་མང་པོ་ཞིག་ལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།
         ཝུན་རྫོང་གི་རྫོང་དཔོན་ཀྲང་ལི་ཤིང་གིས་ངོ་སྤྲོད་བྱས་པར། མིག་སྔར་ས་ཆ་དེར་བོད་དམག་བའི་དམངས་སྲོལ་རིག་གནས་ཁྲིད་སྦྱོང་བྱ་ཡུལ་མང་པོ་ཞིག་བསྐྲུན་ཡོད་པ་མ་ཟད། དམངས་སྲོལ་རིག་གནས་ཀྱི་རྒྱུན་འཛིན་པ་བརྒྱ་ཙམ་གསོ་སྐྱོང་བྱས་ཡོད། ཁྲིད་སྦྱོང་བྱ་ཡུལ་མང་པོ་ཞིག་ཏུ་རྒྱུན་འཛིན་པས་ཡུལ་དེའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་མི་རིགས་ཀྱི་གྱོན་ཆས་དང་འབག་བཟོ་བཞིན་ཡོད་པ་རེད།
         དུས་འགོའི་ཞིབ་འཇུག་གི་རྨང་གཞིའི་ཐོག ཏེང་ཡ་ནན་གྱི་ཚོགས་པས་2016ལོར་རྒྱལ་ཁབ་སྒྱུ་རྩལ་གྱི་ཐེབས་རྩའི་རོགས་སྐྱོར་རྣམ་གྲངས་རེ་ཞུ་བྱས། “ལུང་ནན་བོད་དམག་བོད་རིགས་ཀྱི་རིག་གནས་གྲོང་སྡེའི་བཟོ་རྩལ་མཛེས་རྩལ་བསམ་བཀོད་ཀྱི་ཇུས་བཀོད་པ་གསོ་སྦྱོང”ཞེས་པའི་རྣམ་གྲངས་བརྒྱུད་ནས་ཁོང་ཚོས་བོད་དམག་བོད་རིགས་གནས་སྡོད་བྱ་ཡུལ་གཙོ་བོའི་དམངས་ཁྲོད་ཀྱི་ལག་རྩལ་པར་གོ་རིམ་ལྡན་པའི་གསོ་སྦྱོང་བྱས་པ་དང་། བོད་དམག་བོད་རིགས་ལ་སྲོལ་རྒྱུན་གྱི་ཤིང་བརྐོས་དང་། འཇིམ་བཟོ། ཕར་ཆིན། གྱོན་ཆས་སོགས་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་བསླབས་པ་མ་ཟད། ཝུན་རྫོང་ཐེ་ལུའོ་ཤང་ཚའོ་ཧོ་པ་གྲོང་ཚོར་གསོ་སྦྱོང་རྟེན་གཞི་བཙུགས་ནས་འཆར་འགོད་ཀྱི་བསམ་ཕྱོགས་གསར་ཤོས་དང་སློབ་ཁྲིད་ཀྱི་ཉམས་མྱོང་གསར་ཤོས་ཁྲིད་སྦྱོང་བྱས་ནས་ཡུལ་དེའི་རིག་གནས་བསམ་བཀོད་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད།
         “ངའི་བསམ་པར་གནའ་བོའི་དམངས་སྲོལ་གྱི་རིག་གནས་དེ་དག་དར་སྲོལ་ཆེ་ཞིང་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པ་དང་། དམངས་སྲོལ་དང་མཐུན་ཞིང་ཉམས་འགྱུར་ལྡན་པས་དེང་རབས་མིས་དགའ་པོ་བྱེད་པའི་བརྩམས་ཆོས་ལ་བསྒྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཏེང་ཡ་ནན་གྱིས་དེ་ལྟར་བཤད་པ་དང་། ཁོང་གིས་བརྩམས་ཆོས་དེ་རིགས་སྔ་ཙམ་དམངས་སྲོལ་ཡུལ་སྐོར་ཐོན་རྫས་ལ་བསྒྱུར་ནས་ཡུལ་དེའི་བོད་དམག་བར་ཡུལ་སྐོར་ཡོང་འབབ་བྱུང་སྟེ་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་རྒྱུན་འཛིན་ཡག་པོ་ཡོང་བར་རོགས་རམ་ཐུབ་པའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།