འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མ་འཇོག་སྒྲིག་གཞིས་ཀྲུང་གོའི་ཁྲོམ་རའི་ཚོང་དོན་གོ་སྐབས་ལ་ལྟ་སྟངས་ཡག་པོ་
    འཛིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གོ་དང་ཨ་རིའི་ཚོང་དོན་རྩོད་གཞི་ཆེ་རུ་ཕྱིན་ནས་མ་འཇོག་བྱེད་མཁན་ཁག་གཅིག་ལ་སེམས་ཁྲལ་བྱུང་ཡང་ཨ་རིའི་མ་འཇོག་སྒྲིག་གཞིས་ཀྲུང་གོའི་ཁྲོམ་རའི་ཚོང་དོན་གོ་སྐབས་ལ་སྔར་བཞིན་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། ཉིན་ཤས་གོང་ཉིའུ་གཡོད་སྒེར་གྱི་མ་འཇོག་དོ་དམ་ཀུང་སི་འཛུགས་མཁན་དོ་དམ་རོགས་ཟླ་ཅ་ལི·ཅ་ལ་པུའུ་ལན་ཐེས་ཕེང་པོ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལས་བྱུང་བའི་སྡོད་ཁང་མ་འཇོག་གི་གོ་སྐབས་དང་དེ་བཞིན་མི་འབོར་ན་བགྲེས་ཅན་ལས་བྱུང་བའི་ཚོང་དོན་གོ་སྐབས་ལ་སྔར་བཞིན་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་པ་དང་ལྷག་པར་དུ་རྒན་གསོའི་ཞབས་ཞུ་སྤྱི་ཚོགས་ཅན་ལ་ཡིད་དབང་འགུག་ནུས་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
         ཉིན་ཤས་གོང་ཀའོ་ཧྲེང་ཚོགས་པའི་སྤྱི་ཁྱབ་དང་དབུ་བཞུགས་གཉེར་སྐྱོང་དཔོན་གཅིག་ལྕོགས་སུའུ་ཝེས་སྨྱན་སྦྱོར་ཐུག་འཕྲད་ཚོགས་འདུའི་ཐོག་ཀའོ་ཧྲེང་གི་ངོས་ནས་བརྗོད་ན་ཀྲུང་གོའི་ཁྲོམ་རར་གོ་སྐབས་ཆེན་པོ་ལྡན་འདུག་པས་ཀའོ་ཧྲེང་གིས་ཀྲུང་གོའི་ཁྲོམ་རའི་ལས་སྒོ་གོང་འཕེལ་གཏོང་བའི་ཐད་མུ་མཐུད་གཞོལ་རྒྱུ་ཡིན། ཀྲུང་གོའི་འགོ་ཁྲིད་རིམ་པས་བརྒྱུད་བསྒྲགས་བྱས་པའི་ཆ་འཕྲིན་ནི་ཧ་ཅང་ཁ་གསལ་ཞིག་ཡིན་པས་ཀྲུང་གོས་ཁྲོམ་རའི་སྒོ་མོ་སྔར་བས་འབྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོས་ཁྲོམ་རའི་སྒོ་མོ་འབྱེད་པ་ནས་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་པ་དང་ཕྱི་རྒྱལ་ཁེ་ལས་ཀྱིས་ཀྱང་ཀྲུང་གོའི་ཁྲོམ་ར་ནས་གོ་སྐབས་གསར་པ་མུ་མཐུད་ཐོབ་པ་བྱ་རྒྱུ་ཡིན་ཞེས་བཤད།
         ཨ་རིའི་སྐད་གྲགས་ཡོད་པའི་བུན་འཛིན་མ་འཇོག་སྒྲིག་གཞི་ཞི་བདེ་རྒྱ་མཚོ་ཆེ་མོ་མ་འཇོག་དོ་དམ་ཀུང་སིས་ཟླ་བ་འདིར་བཀྲམ་པའི་ཞིབ་འཇུག་སྙན་ཞུའི་ནང་། གོ་ལ་ཧྲིལ་པོའི་ས་ཁུལ་གཞན་དག་གི་དཔལ་འབྱོར་འཕར་སྟངས་ཐད་ངེས་མེད་རང་བཞིན་གནས་ནའང་། སླད་ཕྱིན་གྱི་ལོ་གསུམ་རིང་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལྟར་ན་6%ཙམ་རྒྱུན་འཁྱོངས་ཐུབ་རྒྱུ་དང་། དེ་དང་ཆབས་ཅིག་ཀྲུང་གོའི་ཡུན་རིང་གི་དཔལ་འབྱོར་འཕར་སྟངས་ལ་ཚོང་དོན་གྱི་འགལ་བའི་གཏོར་བཤིག་ཕོག་མི་སྲིད། གང་ཡིན་ཞེ་ན་སྔོན་ཆད་དང་བསྡུར་ན་ཀྲུང་གོའི་དཔལ་འབྱོར་འཕར་སྟངས་དེ་ནང་ཁུལ་འཛད་སྤྱོད་ལ་སྔར་བས་བརྟེན་པ་ལས་ཕྱི་ཕྱོགས་ཚོང་དོན་ལ་བརྟེན་པ་མིན་ཞེས་འཁོད་ཡོད།
         ཨ་རི་ཕྱོགས་ཀྱིས་ཉེ་ཆར་ཀྲུང་གོའི་ཚོང་ཟོག་ལ་སྒོ་ཁྲལ་སྤོར་བའི་གསལ་ཐོ་ཁྱབ་བསྒྲགས་བྱས་པར་དམིགས་ནས་ཨ་རིའི་ཇུས་འདོན་ཚོགས་པ་པུའུ་ལུའུ་ཅིན་སི་སློབ་ཚོགས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཏུའུ་ཏ་ཝུའེ་ལྟར་ན། ཐེ་རོན་ཕུའི་སྲིད་གཞུང་གི་དཔོན་རིགས་ཁག་གཅིག་གིས་ཀྲུང་གོ་ཉིད་ཨ་རིའི་དཔལ་འབྱོར་ལ་བརྟེན་ཚད་ཧ་ཅང་ཆེ་བས་ཨ་རི་ཕྱོགས་ཀྱིས་ཐབས་ཇུས་དྲག་པོར་བརྟེན་ནས་ཀྲུང་གོར་དེའི་དཔལ་འབྱོར་སྲིད་ཇུས་བསྒྱུར་དུ་བཅུག་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་ཀྲུང་གོའི་དཔལ་འབྱོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བ་དང་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་ཚད་ཀྱིས་ཀྲུང་གོའི་སྤྱིའི་དཔལ་འབྱོར་ནས་བཟུང་བའི་བསྡུར་ཚད་ཧ་ཅང་ཆུང་བར་བརྟེན། ཀྲུང་གོ་ཉིད་ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་བྱེད་ཐབས་ལ་ཞུམ་མི་སྲིད་པའི་ཁར་ཀྲུང་གོས་དེ་མཚུངས་ཀྱི་ཕར་རྒོལ་བྱེད་ཐབས་ཀྱང་ཁྱབ་བསྒྲགས་བྱས་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།