འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་དབུལ་པོ་ཐོན་ཚད་ལོ་གཉིས་ནང་ཕྱེད་ཀ་ཆག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་26ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་འབོར་2016ལོའི་ལོ་འགོའི་མི་ཁྲི་16.96ནས་2018ལོའི་ལོ་འགོའི་མི་ཁྲི་8.79བར་ཆག་པ། དབུལ་པོ་ཐོན་ཚད་25.27%ནས་12.94%བར་ཆག་པ། དབུལ་པོ་ཐོན་ཚད་ལོ་གཉིས་ནང་ཕྱེད་ཀ་ཆག་ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་ནི་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། དབུལ་སྒྲོལ་ལས་དོན་ལ་གནས་མང་བ་དང་། གཞི་རྒྱ་ཆེ་བ། ལམ་ཐིག་རིང་བ་བཅས་ཀྱི་རྣམ་པ་ཐོན་ཡོད། ད་ཕན་ལོ་ཤས་རིང་། གཞིས་རྩེས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྣོད་བཅུད་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། དངུལ་རྩ་དབུལ་སྐྱོར། སྤྱི་ཚོགས་འགན་བཅོལ་མཐའ་སྐྱོང་། བོད་སྐྱོར་དབུལ་སྐྱོར། སྤྱི་ཚོགས་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་དཀའ་སེལ་བྱས་ཡོད། འདི་ལོའི་ལོ་འགོའི་བར། གྲོང་ཁྱེར་དེ་ཡོངས་སུ་མི་ཁྲི་8ལྷག་ཙམ་དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོ་དབུལ་པོ་512དབུལ་པོའི་གནས་ལས་ཐར་བ། གྲོ་མོ་རྫོང་གི་དབུལ་ཞྭ་བདེ་བླག་ངང་འབུད་ཐུབ་པ་བྱུང་བ། པ་སྣམ་དང་། གཉའ་ལམ། གཏིང་སྐྱེས། ཁང་དམར། སྐྱིད་གྲོང་སོགས་རྫོང་5ལ་དབུལ་ཞྭ་འབུད་པའི་ཆ་རྐྱེན་འཛོམས་ཡོད་པ་རེད།
          ཐོན་ལས་དབུལ་སྐྱོར་ནི་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རིང་འགྲིམ་དགོས་ངེས་ཀྱི་ལམ་ཞིག་རེད། 2016ལོ་ཚུན་གཞིས་རྩེས་ཐོན་ལས་ཆེན་པོ་བདུན་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས་པའི་བཀོད་སྒྲིག་བླང་བྱར་དམིགས་ཏེ། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་བཅས་འབུར་དུ་ཐོན་པར་བྱས་ཤིང་། རིམ་རྩིས་ལྟར་ན། ཐོན་ལས་དབུལ་སྐྱོར་རྣམ་གྲངས་249བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར་40བཏང་བ་ལས་མི་འབོར་དབུལ་པོ་ཁྲི་5.6ལ་ཕན་པ་ཐོབ་པ་རེད།
          “རང་བརྟེན”བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག གཞིས་རྩེའི་དབུལ་སྒྲོལ་ལས་དོན་སྤེལ་རིང་། དམངས་འཚོའི་ཁྱབ་ཁོངས་སུ་སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྣོད་བཅུད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་16.23དོན་འཁྱོལ་བྱས་པ། མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ཡན་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་དུང་ཕྱུར་3.27དོན་འཁྱོལ་བྱས་པ། སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་7100དོན་འཁྱོལ་བྱས་པ། མི་ཐེངས་ཁྲི་6.78ལ་སྨན་བཅོས་རོགས་སྐྱོབ་བྱས་པ། ལོ་ལྟར་དངུལ་སྒོར་ཁྲི་1000བཏང་སྟེ་སློབ་ཆེན་སློབ་མ་དབུལ་པོར་རིན་མེད་སློབ་གསོའི་ཁ་གསབ་སྤྲད་ཡོད། དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ནུས་ལྡན་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་རིང་མང་ཚོགས་དབུལ་པོ་གཅིག་ཀྱང་རྗེས་སུ་མི་ལུས་པའི་འགན་ལེན་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།