འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཐོག་གི་ལོ་སིའི་ལས་མི་ཞིག་གི“ཀྲུང་གོའི་ཕུགས་འདུན”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་བ་ལྔ་པའི་ལོ་སིར་ཆར་དུས་སྔ་སྣུར་དུ་ཤར་ནས་གནམ་གཤིས་ཀྱང་བྱིས་བློ་ལྟར་འགྱུར་ལྡོག་མང་ཞིང་། སྐབས་རེ་ཚ་གདུག་ཆེན་པོ་བསྟན་ལ་སྐབས་རེ་དྲག་ཆར་ཆེན་པོ་འབབ་ཀྱི་འདུག ཀྲུང་གོའི་ཡུན་ནན་ནས་ལོ་སིའི་ཝན་ཐེན་བར་རི་ཆུ་བརྒལ་བའི“གཡུ་འབྲུག་རིང་མོའི”རྣམ་པ་ཞིག་རིམ་བཞིན་མངོན་ཡོང་། ཀྲུང་གོའི་ལག་རྩལ་གྱི་ཚད་གཞིར་གཞིགས་པའི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་འཛུགས་སྐྲུན་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།
         ཞོགས་པའི་ཆུ་ཚོད་6པ་ཡོལ་ཙམ་ལ་ལོ་སིའི་བྱང་རྒྱུད་ཀྱི་ཀཱ་བཞི་རྫོང་ལང་པོའོ་ཐུང་གྲོང་ཚོའི་ལམ་ཐོག་ཨ་མི་ཡིས་སྦག་སྦག་བཞོན་ནས་ལས་ཀ་བྱ་ཡུལ་ཏེ——ཀྲུང་གོ་གློག་སྐྲུན(ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི)ཆུ་ཤུགས་གློག་ཁང་གི་ཅུས་བཅུ་བཞི་པའི་རྣམ་གྲངས་པུའུ་ཡི་ཕྱོགས་སུ་སྐྱོད་བཞིན་བྲེལ་བརྩོན་ཆེ་བའི་ཉིན་གཅིག་འགོ་བཙུགས།
          རྣམ་གྲངས་པུའུ་རུ་ལས་མི་100ལྷག་ཙམ་ཡོད་པ་དང་། མང་ཆེ་བ་ནི་ཀྲུང་གོ་ཕྱོགས་ཀྱི་ལས་མི་རེད། ཀྲུང་ལུགས་ཀྱི་ལྟོ་དུས་གསུམ་ཟ་ཁང་ནས་མཁོ་འདོན་བྱེད་ཀྱི་ཡོད། རྣམ་གྲངས་པུའི་ཟ་ཁང་ནང་ལག་གཡོག་དང་གཙང་སྦྲ་བྱེད་རྒྱུ་ནི་ཨ་མིའི་ལས་ཀ་རེད།
         “ཨ་མི། མགྱོགས་པོ་ཚལ་བཏེགས་ཤིག”ཅེས་ཀྲུང་གོའི་མ་བྱན་ལི་ཕིང་ཀོས་བཤད་མ་ཐག་ཨ་མིས་ལམ་སེང་སྡེར་མ་བླངས་ནས་འཛུམ་དམུལ་དམུལ་ངང་ཚལ་སྒྲོག་རྩེའི་ཐོག་བསྐྱལ། “ཨ་མི། རོགས་པ་གྱིས་དང”ཞེས་མ་བྱན་ཆེ་མོ་ཏན་ཏེ་ཧུས་ཀྱིས་བརྗོད་པ་དང་སྦྲགས་ཨ་མི་ལམ་སེང་ཁོང་གི་མདུན་དུ་སླེབས།
         ཉིན་ལྟར་ཁ་ལག་གཏོང་བའི་དུས་སུ་ཟ་ཁང་ནང་དམག་ས་ཞིག་དང་གཉིས་སུ་མེད། རྣམ་གྲངས་པུའི་ཟ་ཁང་ནང་ཀྲུང་གོའི་མ་བྱན་གཉིས་ཕུད་ད་དུང་ས་གནས་དེ་གའི་ལས་མི་བཞི་ཡོད། བྲེལ་འཚུབ་ངང་ལས་ཀ་བྱེད་ཞོར་ཚང་མས་སྐབས་རེ་རྒྱ་སྐད་རྒྱག་པ་དང་སྐབས་རེ་ལོ་སིའི་སྐད་བརྒྱབ་ནས་སྤེལ་རེས་བྱེད་ཀྱི་ཡོད། ལོ་གཅིག་ལྷག་ཙམ་མཉམ་དུ་ལས་ཀ་བྱས་པས་ཚང་མའི་དབར་སྔ་ས་ནས་གཅིག་སེམས་གཅིག་མཐུན་ཆགས་ཡོད།
         དུས་ཡུན་རིང་པོ་ལྕགས་ལམ་ལམ་ཐིག་ཐོག་འབད་འཐབ་བྱེད་མཁན་ཀྲུང་གོ་གློག་སྐྲུན་ཆུ་ཤུགས་གློག་ཁང་ཅུས་བཅུ་བཞི་པའི་རྣམ་གྲངས་པུའི་ལས་མིའི་ངོས་ནས་བརྗོད་ན། “ལས་བྲེལ་ཆེ་བ”ནི་ལས་ཀ་དང་འཚོ་བའི་མཚོན་ཚུལ་གཙོ་བོ་དེ་ཡིན་ལ་ཨ་མིའང་དེ་ལྟར་རེད། ལས་མི་ཚོས་ལྟོ་ཆས་བཟས་ཚར་རྗེས་ཨ་མི་དང་གཅེན་གཅུང་ཁ་ཤས་ཀྱིས་མཉམ་དུ་ཟ་ཁང་གི་ཕྱི་ནང་དུ་གཙང་སྦྲ་བྱེད་དགོས་ཀྱི་ཡོད།
         “བྲེལ་བ་ཆེན་པོ་ཡོད་ཀྱང་སེམས་སྐྱིད་པོ་འདུག ང་ཚོ་ནི་ཁྱིམ་ཚང་གཅིག་གི་ནང་མི་ལྟར་ཡིན”ཞེས་ཨ་མིས་བརྗོད།
          ལོ་24ལ་སླེབས་པའི་ཨ་མིས་དེ་གར་ཀྲུང་གོ་ཕྱོགས་ཀྱི་འཛུགས་སྐྲུན་མཁན་མང་པོ་ཞིག་དང་ཐུན་མོང་ཐོག་ཀྲུང་གོ་དང་ལོ་སིའི་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་ཐག——ཀྲུང་གོ་དང་ལོ་སིའི་ལྕགས་ལམ་སྐྲུན་པར་བདེན་དཔང་བྱེད་བཞིན་ཡོད། དེ་དང་དུས་མཚུངས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་ཡར་རྒྱས་ཕྱིན་པ་བརྒྱུད་ཨ་མིའང་མི་ཚེའི་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་བཞིན་ཡོད།
         ཨ་མི་ནི་གཅེན་གཅུང་དྲུག་གི་ནང་ནས་ཆུང་ཤོས་དེ་ཡིན་པ་དང་ལོ་20ལ་སླེབས་སྐབས་ཁྱིམ་ཚང་ཟིན་པའི་ཁོང་ལ་ད་ཆ་ཕྲུ་གུ་3ཡོད་པ་དེ་དག་ཨ་མ་དང་མཉམ་དུ་འཚོ་བ་སྐྱེལ་ཞིང་ཡོད། ཨ་མིའི་ཟླ་རེའི་ཡོང་འབབ་དེ་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེར་གྱུར་ཡོད།
         “ངའི་ཟླ་རེའི་ཡོང་འབབ་ནས་ཕྱེད་ཀ་གསོག་པ་དང་། ཕྱེད་ཀ་ནང་མིར་འགྲོ་སོང་གཏོང་བ། རང་ཉིད་དགའ་པོ་ཡོད་པའི་གྱོན་གོས་ཉོ་བ། ཁང་པ་བཟོ་བཅོས་རྒྱག་པ་སོགས་བྱེད་ཀྱི་ཡོད”ཅེས་ཨ་མིས་བརྗོད།
         “དེར་ངས་རྒྱ་སྐད་ཤོད་ཤེས་པ་དང་། ཅའོ་ཙི་དང་། འབྲས་ཚལ། གྲང་ཚལ་སོགས་བཟོ་ཤེས་བྱུང”ཞེས་ཨ་མིས་སྤོབས་པ་ཆེན་པོས་དེ་ལྟར་བརྗོད། ཁོང་གིས་ད་དུང“ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཀྲུང་གོའི་གློག་སྐྲུན་ཀུང་སིར་མུ་མཐུད་ལས་ཀ་བྱེད་ཐུབ་པའི་རེ་བ་ཡོད། གལ་སྲིད་ཁོང་ཚོ་ལོག་ཕྱིན་ཚེ་དེ་གར་ཀྲུང་གོའི་ཟ་ཁང་མང་པོ་ཞིག་འཛུགས་སྲིད་པས་ང་རང་ཡང་ཀྲུང་གོའི་ཟ་ཁང་ནང་ལས་ཀ་བྱེད་པར་འགྲོ་གི་ཡིན”ཞེས་བརྗོད།
         འདི་ནི་ཨ་མིའི་ཕུགས་བསམ་ཆུང་ཆུང་ཞིག་ཡིན་ལ་ཀྲུང་གོ་དང་འབྲེལ་བའི་ཕུགས་བསམ་ཞིག་ཀྱང་ཡིན་མོད། ད་དུང་དེས་ཚད་ཀྱི་མེད། “ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ང་རང་ཀྲུང་གོར་ལྟ་བར་འགྲོ་འདོད་ཆེན་པོ་ཡོད”ཅེས་པ་འདི་ནི་ཨ་མིའི་ཕུགས་བསམ་གཞན་ཞིག་ཡིན་ལ་དེ་ཡང་ཀྲུང་གོ་དང་འབྲེལ་བ་ཡོད། ཨ་མིས་བསྐྱོད་མྱོང་བའི་ས་ཆ་ཐག་རིང་ཤོས་དེ་ནི་ལོ་སིའི་རྒྱལ་ས་ཝན་ཐེན་ཡིན་པ་རེད།
         ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནི་ཀྲུང་གོ་དང་ལོ་སི་འབྲེལ་མཐུད་བྱས་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པ་དང་། ཨེ་ཤེ་ཡ་ཧྲིལ་པོའི་ལྕགས་ལམ་གྱི་གཙོ་བོའི་གྲུབ་ཆ་ཞིག་རེད། ལྕགས་ལམ་གྱི་བྱང་ཀྲུང་གོ་དང་ལོ་སིའི་མཐའ་མཚམས་དང་། ལྷོ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་སླེབས་ཤིང་ལམ་ཐིག་ཧྲིལ་པོར་ཀྲུང་གོའི་ལག་རྩལ་གྱི་ཚད་གཞི་དང་ཀྲུང་གོའི་སྒྲིག་ཆས་སྤྱད་ཡོད། ལམ་ཐིག་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་414ཡོད་པ་དེ་2021ལོའི་ཟླ་12པར་བསྐྲུན་ཟིན་རྗེས་མེ་འཁོར་ཤར་གཏོང་ཐུབ་པ་བྱ་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།