འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇི་ཡོངས་ཀྱི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་མཐུན་ཚོགས་ལོན་ཏོན་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་ཕྱི་ཁོངས་ཀྲུང་གོ་བའི་མཁས་དབང་རྩེ་གྲ་མཉམ་དུ་འཛོམས་པའི་དབྱིན་ཇི་ཡོངས་ཀྱི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་མཐུན་ཚོགས་ཚེས་24ཉིན་ལོན་ཏོན་དུ་བཙུགས་ནས་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་རེད། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཀྲུའུ་ཆིན་དང་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོ་བ་150ཞུགས་ཡོད་པ་རེད།
         ཀྲུའུ་ཆིན་གྱིས་ཤིས་ཚིག་བརྗོད་སྐབས། ཀྲུང་གོ་ཉིན་རེ་བཞིན་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ་འདི། ཕྱི་རྒྱལ་དུ་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་མཁས་དབང་ཚོའི་རྩེར་སྙེག་གི་སྤོབས་པའི་འབྱུང་ཁུངས་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་པ་དང་། སྒུལ་ཤུགས་གསར་པ་འཚོལ་བ། བར་སྟོང་གསར་པ་གཏོད་པ་བཅས་ཀྱི་གོ་སྐབས་ཀྱང་ཡིན། དབྱིན་ཇི་ཡོངས་ཀྱི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་མཐུན་ཚོགས་ནི་དུས་སྐབས་དང་མཐུན་ལ་དོན་སྙིང་ཡང་གལ་ཆེན་ལྡན་པས། མཐུན་ཚོགས་ཀྱིས་དུས་རབས་ཀྱི་མངག་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བའི་རེ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         མཐུན་ཚོགས་དེའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་ཞི་དང་པོ་དང་། དབྱིན་ཇིའི་གོང་མ་ཚང་གི་བཟོ་བཀོད་ཁང་གི་ཡོན་ཧྲི། ལོན་ཏོན་གོང་མའི་རྒྱལ་ཁབ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ལིན་ཅན་གོས། མཐུན་ཚོགས་འདི་འཛུགས་པའི་དམིགས་ཡུལ་ནི། སྒྱུ་རྩལ་དང་། དཔལ་འབྱོར། ཚན་རྩལ། གསོ་རིག སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱིན་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་ཉམས་མྱོང་དང་། བློ་གྲོས། ཆེད་ལས་ཤེས་བྱ་བཅས་བེད་སྤྱད་དེ་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོར་གཉིས་ཕན་སྐྲུན་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
         མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སཱ་ལི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀུའུ་སའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཉེ་བའི་ལོ་ཤས་རིང་། དབྱིན་ཇིའི་མཐོ་སློབ་ཁག་གི་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོའི་གྲངས་འབོར་ཧ་ཅང་མང་དུ་ཕྱིན་པ་སྟེ་ད་ཆ་དབྱིན་ཇིར་དགེ་རྒན་བྱེད་མཁན་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོ་500ཙམ་ཡོད་པ་དེ་དག་ཚང་མ་རིག་ཚན་ཁག་གི་རྩེ་གྲ་ཡིན། མཐུན་ཚོགས་འདི་བཙུགས་པ་བརྒྱུད་ཕྱི་ཁོངས་ཀྲུང་གོ་བའི་དགེ་རྒན་ཆེ་མོ་བ་རྣམས་མཐུན་སྒྲིལ་བྱུང་ནས་ཀྲུང་དབྱིན་དབར་གྱི་སློབ་གསོ་དང་ཚན་ཞིབ་ཁྱབ་ཁོངས་ཀྱི་མཉམ་ལས་སྦྲེལ་ཐག་ལྟ་བུར་འགྱུར་རེ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།