འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་ཧོ་ལིན་ཀེར་རྫོང་གི་ཁོར་ཡུག་སྲུང་སྐྱོང་གི་དག་ཐེར་རྫུས་མ་བྱས་པའི་
    གནད་དོན་ཐག་གཅོད་ནན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་26ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གཉིས་པས་ནང་སོག་ཧོ་ལིན་ཀེར་རྫོང་ལ་ལྐོག་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བའི་ཧྲེང་ལེ་གྲོང་རྡལ་ཤིས་ཀོ་མོན་གནས་སྤོས་གྲོང་གསར་གྱི་ཤིང་ཆས་བཟོ་གྲྭ་ཞིག་གིས་ཁོར་ཡུག་སྲུང་སྐྱོང་དག་ཐེར་རྫུས་མ་བྱས་པའི་གནད་དོན་ལ་དམིགས་ཏེ་ནང་སོག་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་ཚད་མཐོའི་མཐོང་ཆེན་བྱས་ནས་མཆན་བཀོད་མཛུབ་སྟོན་ནན་པོ་བྱས་པ་དང་ཆབས་ཅིག་དོན་རྐྱེན་དེའི་འབྲེལ་ཡོད་འགན་འཁུར་བར་ཐག་གཅོད་ནན་པོ་བྱས་པ་རེད།
            ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གཉིས་པ་ཟླ་6ཚེས་6ཉིན་ནང་སོག་ཏུ་བཅའ་སྡོད་བྱས་རྗེས་མང་ཚོགས་ཀྱིས་ལྟ་བཤེར་ཚོགས་ཆུང་ལ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཧོ་ལིན་ཀེར་རྫོང་ཤིས་ཀོ་མོན་གནས་སྤོས་གྲོང་གསར་གྱི་ཤིང་ཆས་བཟོ་གྲྭ་ཞིག་ནས་བཀྲག་རྩིའི་དྲི་ངན་ཆེ་བ་དང་འཛེར་སྒྲའང་ཆེན་པོ་བསྒྲགས་པ་མ་ཟད། ད་དུང་ཁོར་ཡུག་གདེང་འཇོག་ལག་ཁྱེར་ཡང་མེད་པ་ཐེར་འདོན་བྱས། ལྟ་བཤེར་མི་སྣས་2016ལོར་རེས་སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་སྐབས་ཁེ་ལས་དེས་ཁྲིམས་འགལ་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་ཐེར་འདོན་ཁ་པར་བདག་སྤྲོད་བྱས་པ་དང་འབྲེལ། ལོ་དེར་སྤྱི་ཚོགས་ལ་ཐག་གཅོད་བྱས་ཟིན་པ་ཡོངས་བསྒྲགས་ཀྱང་བྱས། རེས་སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་སྐབས་སྒོ་རྒྱག་ཏུ་བཅུག་ཀྱང་བཟོ་གྲྭ་དེས་མུ་མཐུད་ཐོན་སྐྱེད་བྱས་ཡོད། ད་ཐེངས་ཁེ་ལས་དེས་ལྟ་བཤེར་ཚོགས་ཆུང་གི་ཞིབ་བཤེར་གཡོལ་ཐབས་བྱ་ཆེད་ལྟ་བཤེར་ཚོགས་ཆུང་བཅའ་སྡོད་བྱས་མ་ཐག་ཐོན་སྐྱེད་བྱེད་མཚམས་བཞག་པ་དེ“དག་ཐེར་ལ་ཁ་གཏད་གཅོག་པ་དང་དག་ཐེར་སླ་བཅོས་བྱས་པའི་དཔེ་མཚོན་བྱ་ཐབས”ཀྱི་ཁོངས་སུ་གཏོགས་ཡོད།
            དེའི་ཐད་ནང་སོག་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བ་གཙོ་བོས་ཟླ་6ཚེས་9ཉིན་ཧོ་ལིན་ཀེར་རྫོང་གི་ཤིང་ཆས་ལས་སྣོན་བཟོ་གྲྭའི་དག་ཐེར་རྫུས་མ་བྱས་པའི་གནད་དོན་སྐོར་ལ་མཆན་བཀོད་མཛུབ་སྟོན་བྱས་པའི་ནང་ངེས་པར་དུ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱས་ནས་རྒྱ་ཡན་དུ་གཏོང་མི་རུང་བ་དང་ཐར་པར་གཏན་ནས་གཏོང་མི་རུང་ཞེས་བཏོན་ཡོད། ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་ལྗོངས་ཡོངས་སུ་བརྡ་ཁྱབ་བཏང་སྟེ་རིམ་ཁག་སྡེ་ཚན་ཁག་གིས་ཆོད་སེམས་བརྟན་པོ་དང་བྱ་ཐབས་ནན་པོས་དག་ཐེར་ལས་དོན་ནན་ཏན་ངང་དམ་འཛིན་ཡག་པོ་དང་། ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་ཐོན་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་ནན་པོ། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
           ཉིན་དེར་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱིས་ཧོ་ལིན་ཀེར་རྫོང(གཤམ་དུ་ཧོ་ལིན་རྫོང་ཞེས་བསྡུ་རྒྱུ)ཤིས་ཀོ་མོན་གནས་སྤོས་གྲོང་གསར་གྱི་ཤིང་ཆས་བཟོ་གྲྭའི་ཁོར་ཡུག་སྲུང་སྐྱོང་དག་ཐེར་རྫུས་མ་བྱས་པའི་གནད་དོན་གྱི་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་དང་རྩད་གཅོད་བྱས་པ་སྟེ། ཧོ་ལིན་རྫོང་གི་དེ་སྔའི་རྫོང་དཔོན་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དབྱང་ཤིན་ཁྲེང་དང་། ཧོ་ལིན་རྫོང་གི་རྫོང་དཔོན་གཞོན་པ་ཀུའོ་ཝུན་ཅུན། རྫོང་དཔོན་གཞོན་པ་ཧོ་ཧྥུང་བཅས་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཉིང་ལག་རུ་ཁག་གི་རུ་དཔོན་ཧོང་པའོ་ཧྭ་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ། ཧོ་ལིན་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་སྐྱོན་ཞིབ་གཏིང་ཟབ་བྱེད་དགོས་པའི་འགན་དཀྲིས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།