འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་རྒྱུད་འདྲེས་གྲོ་ཞིབ་སྤེལ་ལས་དོན་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་26ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། དབྱར་བསྡུའི་དུས་ཚིགས་སུ་གསར་འགོད་པས་ཐེན་ཅིན་གྲོང་ཁྱེར་ཝུའུ་ཆིང་ཆུས་སུ་པེ་ཅིང་གྲོང་ཁྱེར་ཞིང་ནགས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི་རྒྱུད་འདྲེས་གྲོ་དཔེ་སྟོན་ལྟ་སྦྱོང་དང་ཐོན་ལས་ཅན་གྱི་བགྲོ་གླེང་ཚོགས་འདུར་བཅར་འདྲི་བྱས་ཤིང་། རྒྱུད་འདྲེས་གྲོ་ཞིང་ཆེན་པོའི་སྐྱེ་ཚུལ་ཡག་པོ་ཡོད་པས་ལོ་ལེགས་ཡོང་བར་རེ་བ་ཡོད་པ་རེད།
             ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དབྱི་ཝེ་ལུན་དང་། ཨ་རི་ཚན་རིག་ཁང་གི་ཡོན་ཧྲི་ཏེང་ཞིང་ཝང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཚའོ་ཞའོ་ཧྥུང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲའོ་ཁྲུན་ཅང་། དེ་བཞིན་ཞིང་ལས་གྲོང་གསེབ་པུའུ་དང་། ཚན་རྩལ་པུའུ། པེ་ཅིང་གྲོང་ཁྱེར་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་གྲོ་འདེབས་མཁན་དུད་ཚང་ཆེ་མོ་སོགས་ཁྱོན་མི་150ལྟ་སྦྱོང་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
            པེ་ཅིང་གི་རྒྱུད་འདྲེས་གྲོའི་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དབུ་བཞུགས་རིགས་གཅིག་མཁས་ཅན་ཀྲའོ་ཁྲང་ཕིང་གིས། དུས་རབས་གོང་མའི་ལོ་རབས50པ་ནས་བཟུང་རྒྱུད་འདྲེས་གྲོ་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁོངས་བརྒལ་བའི་ཀུང་སི་དང་ཕྱི་རྒྱལ་གྱི་ཞིབ་འཇུག་སྒྲིག་གཞིས་སྔ་རྗེས་སུ་མ་དངུལ་ཕོན་ཆེན་བཏང་ནས་རྒྱུད་འདྲེས་གྲོ་ལ་ཞིབ་འཇུག་བྱས་པ་རེད། དུས་ཡུན་རིང་པོར་རྒྱུད་སྤེལ་བྱེད་མི་ཐུབ་པའི་རྒྱུ་ཆ་རྒྱུད་སྤེལ་དཀའ་བ་དང་སླར་གསོ་དཀའ་བ། རྒྱུད་འདྲེས་ཐོན་སྐྱེད་བརྟན་པོ་མེད་པ་དང་རྫས་འགྱུར་སྨན་སྦྱོར་གྱི་སྦགས་བཙོག་སོགས་ཀྱི་གནད་དོན་སེལ་དཀའ་བའི་རྐྱེན་གྱིས། ད་བར་རྒྱུད་འདྲེས་གྲོ་རྒྱ་ཆེན་པོ་འདེབས་མ་ཐུབ་པར་འཛམ་གླིང་རང་བཞིན་གྱི་ཚན་རིག་གི་དཀའ་གནད་དུ་གྱུར་ཡོད་ཅེས་བརྗོད།
             1992ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་ཞིང་ནགས་ཚན་རིག་ཁང་སོགས་ཚན་ཞིབ་ཚོགས་པས་ཐོན་འཕར་20%ཡན་ཟིན་པའི་ལེགས་ཆ་ཆེ་བའི་རྒྱུད་འདྲེས་གྲོའི་ཚོགས་སྒྲིག་གསར་པ་ཁག་གཅིག་གསར་གཏོད་བྱས་པ་དང་། རྒྱལ་སྤྱིའི་ཐོག་སྔོན་དུ“ཀྲུང་གོའི་ཚན་གཉིས་རྒྱུད་འདྲེས་གྲོའི་ལག་རྩལ་གྱི་མ་ལག”ཅིག་སྲོལ་བཏོད་ཅིང་། རྒྱལ་སྤྱིའི་གྲོ་ལས་རིགས་ལ་ལོ་60ལྷག་ཙམ་འགལ་རྐྱེན་བཟོས་པའི་ཚན་རིག་གི་དཀའ་གནད་དང་ལག་རྩལ་གྱི་འཇུར་མིག་ཧ་ཅང་ཡག་པོར་བསལ་བ་རེད།
            ཀྲའོ་ཁྲང་ཕིང་གིས། ཀྲུང་གོའི་ཚན་གཉིས་རྒྱུད་གསར་གྲོའི་ལག་རྩལ་མ་ལག་ལ་རྦད་དེ་རང་རྐྱ་འཕེར་བའི་རང་བདག་ཤེས་བྱའི་ཐོན་དབང་ལྡན་པ་དང་། དེའི་སྤྱིའི་ཚན་ཞིབ་ཆུ་ཚད་དང་བེད་སྤྱོད་མྱུར་ཚད་དེ་རྒྱལ་སྤྱིའི་རྒྱུད་འདྲེས་གྲོའི་ཁྱབ་ཁོངས་སུ་སྔོན་གྲས་སུ་ཚུད་ཡོད། ཉེ་བའི་ལོ་ཤས་རིང་། པེ་ཅིང་གི་གྲོ་ཨང་6པ་དང་། པེ་ཅིང་གི་གྲོ་ཨང་7པ། པེ་ཅིང་གི་གྲོ་ཨང་8པ། པེ་ཅིང་གི་གྲོ་ཨང་9པ། པེ་ཅིང་གི་གྲོ་ཨང་11པ། པེ་ཅིང་གི་གྲོ་ཨང་179པ། པེ་ཅིང་གི་གྲོ་ཨང་21པ་སོགས་ཐོན་འབབ་འབེལ་ལ་བརྟན་པོའི་རང་བཞིན་བཟང་བ་དང་ཐན་འགོག་ཆུ་གྲོན་ཆུང་ནུས་པ་མངོན་གསལ་དོད་པའི་ཆུ་གྲོན་ཆུང་དང་ནུས་ཆེའི་རྒྱུད་འདྲེས་གྲོའི་སྣ་ཁ་སྔ་རྗེས་སུ་ཞིབ་བཤེར་གཏན་འཁེལ་བྱས་ཡོད་ཅེས་བརྗོད།
              ཞིང་ལས་གྲོང་གསེབ་པུའུ་ས་བོན་ཅུས་ཀྱི་ཅུས་ཀྲང་ཀྲང་ཡན་ཆིའུ་ཡིས། པེ་ཅིང་ཞིང་ལས་ཚན་རིག་ཁང་གིས་ཚན་གཉིས་ཐབས་ཀྱི་ལག་རྩལ་བརྒྱུད་ལམ་ལ་བརྟེན་ནས་ཐོག་མར་རྒྱུད་འདྲེས་གྲོའི་ཚད་བརྒལ་མངོན་འགྱུར་བྱས་པ་མ་ཟད་ཐོག་མར་ཐོན་སྐྱེད་ནང་སྤྱད་ནས་རང་རྒྱལ་གྱི་མི་རིགས་སོ་ནམ་ཆེད་རང་བརྟེན་གསར་གཏོད་དང་དེང་རབས་རྩེར་སོན་སོ་ནམ་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་མིག་དཔེ་བཏོད་པ་རེད། ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱུད་འདྲེས་གྲོ་འདེབས་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་རྒྱུད་འདྲེས་གྲོའི་སོ་ནམ་གོང་འཕེལ་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།
              ལག་ལེན་གྱི་ཐོག་ནས་ར་འཕྲོད་པ་ལྟར་ན། རྒྱུད་འདྲེས་གྲོ་ལ་ཐོན་འབབ་ལེགས་པ་དང་། ཆུ་གྲོན་ཆུང་། ཐན་འགོག ས་རྒོད་ཐེག་ཐུབ་པ་སོགས་ཕྱོགས་བསྡུས་ཀྱི་ལེགས་ཆ་མངོན་གསལ་དོད་ཅིང་། རྒྱུན་རྣམ་གྱི་གྲོ་དང་བསྡུར་ན་20%ཡན་གྱི་ཐོན་འཕར་དང་30%ནས་50%ཡི་ཆུ་གྲོན་ཆུང་ཐུབ་ལ་ས་བོན་འདེབས་ཚད་30%ཡན་ཉུང་བ་ཡོད་པར་བརྟེན་རང་རྒྱལ་བྱང་རྒྱུད་ཀྱི་དགུན་གྲོ་ཁུལ་གྱི་གྲོའི་སྣ་ཁ་རིམ་འཕར་གསར་བརྗེས་ལ་སྐུལ་མ་མགྱོགས་སུ་གཏོང་ཐུབ་རེ་ཡོད། 2017ལོར་པེ་ཅིང་གྲོང་ཁྱེར་ཞིང་ནགས་ཚན་རིག་ཁང་གིས་ཀྲུང་འདེབས་རྒྱུད་འདྲེས་གྲོའི་འདེབས་ལས(པེ་ཅིང)ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱས་ནས་རྒྱུད་གསར་གྲོ་མུའུ་ཁྲི་20ལྷག་ཁྱབ་གདལ་བཏང་བ་དང་། 2020ལོར་སླེབས་སྐབས་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་100ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།