འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།"རིག་གནས་གསར་གཏོད་བྱེད་པར་བརྩེ་སེམས་ལྡན་དགོས"

    —— བོད་ལྗོངས་ཀྱི“ཀུ་ཤུ་བྱམས་པའི”ལས་གཏོད་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་03ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གཙོད་དང་གཡག་གི་རི་མོ་བཀོད་པའི་ལག་ཐོགས་ཁ་པར་གྱི་ཤུབས་དང་། ཕོ་བྲང་པོ་ཏ་ལ་མ་དབྱིབས་ཀྱི་ཆ་ཤས་སུ་བྱས་པའི་སྨྱུག་སྣོད་དཔེ་གསར། བོད་བཟོའི་ཁང་པ་བཟོ་དབྱིབས་སུ་བྱས་པའི་འབུར་གཟུགས་རྩིག་རྒྱན་སོགས་ལ་བོད་ཀྱི་རིག་གནས་ཀྱི་ཆ་ཤས་མང་པོ་འདུས་ཡོད་པས“ཀུ་ཤུ་བྱམས་པའི”རིག་གནས་གསར་གཏོད་ཐོན་རྫས་ཀྱིས་མི་མང་པོའི་ཡིད་དབང་བཀུག་ཡོད།
          “ཀུ་ཤུ་བྱམས་པ”ནི་བྱམས་པའི་མིང་འདོགས་ཡིན་ཞིང་། ལོ་32ལ་སླེབས་པའི་གཞོན་ནུ་དེ་ནི་ཀུ་ཤུ་བྱམས་པའི་རིག་གནས་གསར་གཏོད་ཚད་ཡོད་ཀུང་སི་གཏོད་མཁན་ཡིན་པ་དང་། ཀུང་སི་དེས་བོད་ཀྱི་རིག་གནས་ལ་རྩ་བ་ཚུགས་ནས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་ཐད་རྩེ་གཅིག་ཏུ་གཞོལ་བ་རེད།
          ལྷ་སར་བཙུགས་པའི་བྱམས་པའི་གྲངས་གཞིའི་དངོས་གཞིའི་ཚོང་ཁང་དུ་སྐྱོད་སྐབས། ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་ཕོ་བྲང་དམར་པོ་མ་དབྱིབས་སུ་བྱས་པའི་སྨྱུག་སྣོད་དཔེ་གསར་དེས་འཕྲལ་མར་གསར་འགོད་པའི་ཡིད་དབང་འཕྲོག་བྱུང་། སྨྱུག་སྣོད་དེའི་ཁ་དོག་དམར་སེར་དཀར་གསུམ་ལས་གྲུབ་པ་དང་། ངོས་འབར་རེ་འབུར་རེ་ཡིན་པས་སྲོལ་རྒྱུན་གྱི་བོད་བཟོའི་སྐྲུན་དངོས་ཀྱི་རྩིག་པའི་རྒྱུ་ཆ་དང་གཅིག་མཚུངས་བཟོས་ཡོད་ལ་དེའི་ཐོག་ད་དུང་མ་ཎི་འཁོར་ལོ་ཞིག་ཀྱང་བཟོས་འདུག ལྷག་པར་དུ་དེའི་ཞིབ་ཆར་ཡང་དོ་སྣང་ཆེན་པོ་བྱས་ཡོད།
          བྱམས་པས་ཐོན་རྫས་དེ་བསམ་བཀོད་བྱེད་པ་ནས་ཐོན་སྐྱེད་བྱས་པའི་བར་ལོ་ཕྱེད་ཙམ་འགོར་བ་དང་། སྨྱུག་སྣོད་དེ་འདྲ་ཞིག་བཟོ་བར་ལས་རིམ་100ལྷག་ཙམ་བརྒྱུད་དགོས་ཀྱི་ཡོད་ཅེས་བཤད་བྱུང་།
         “རིག་གནས་གསར་གཏོད་བྱེད་པར་བརྩེ་སེམས་ལྡན་དགོས། ཡག་ཐོག་ཡག་བརྩེགས་བྱས་ཚེ་གཞི་ནས་རིག་གནས་ཀྱི་ཁྱད་ཆོས་ཇི་མ་ཇི་བཞིན་མངོན་ཐུབ”ཅེས་པ་དེ་ནི་བྱམས་པའི་རིག་གནས་གསར་གཏོད་ལས་རིགས་ཐད་ཀྱི་ལྟ་ཚུལ་ཡིན་ཞིང་། གྲངས་གཞིའི་ཁྱབ་ཁོངས་སུ་ལས་གཏོད་བྱས་ནས་ལོ་5ཙམ་སོང་བའི་ཁོང་གི་སྐད་ཆ་ལས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཅིག་ཅར་དུ་ཚོར་ཐུབ།
          རིག་གནས་གསར་གཏོད་ཐོན་རྫས་བརྒྱུད་ནས་བོད་ཀྱི་རིག་གནས་ངོ་སྤྲོད་བྱེད་པ་དང་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཁྱབ་གདལ་གཏོང་བ་ནི་བྱམས་པའི་ཕུགས་བསམ་ཡིན།
          2008ལོར་བྱམས་པ་སློབ་ཆེན་ཐོན་ནས་ལྷ་སར་ལོག་རྗེས་དེ་གོང་དྲ་ཐོག་ཚོང་ལས་དང་འབྲེལ་བ་བྱུང་བའི་ཁོང་ལ་བོད་ཀྱི་ཐོན་རྫས་ནང་སར་ཕྱིར་འཚོང་བྱེད་པའི་བསམ་ཚུལ་ཡོད་མོད། འོན་ཀྱང་བསམ་དོན་དང་མི་མཐུན་པར་ལྟོ་གོས་ཆེད་དུ་བྱམས་པ་ལྷ་སའི་ས་ཕྱོགས་གང་སར་ལས་མི་བྱེད་པར་བསྐྱོད་པ་དང་། མཐར་གྲངས་གཞིའི་དངོས་གཞིའི་ཚོང་ཁང་ཞིག་བཙུགས།
          2016ལོར་ལས་གཏོད་ཀྱི་ཉམས་མྱོང་ངེས་ཅན་ལྡན་པའི་བྱམས་པས་བསམ་བློ་ཡང་ཡང་བཏང་བ་བརྒྱུད། རང་ཉིད་ཀྱི་རིག་གནས་གསར་གཏོད་ཐོན་རྫས་ཁག་དང་པོ་གསར་སྤེལ་བྱ་རྒྱུའི་སེམས་ཐག་བཅད།
           གཡག་གི་རྭ་ཅོའི་ཐོག་མཛེས་རྒྱན་སྤྲས་པ་དང་། ཚོན་མདོག་སྣ་ཚོགས་ཀྱི་རི་མོ་བཀོད་པ། གཡག་གི་ངོ་གདོང་དུ་དར་བཟོ་ཆེ་བའི་དབྱིན་ཡིག་བྲིས་པ་སོགས་ཀྱི་ལག་ཐོགས་ཁ་པར་གྱི་ཕྱི་ཤུབས་དང་། ཞྭ་མོ། སྟོད་གོས་བཅས་ཁྲོམ་རར་བྲིན་ཁ་རྒྱུག་པས་བྱམས་པའི་སེམས་ཀྱང་ལྷོད་ལ་བབས། “གཡག་ལ‘མཐོ་སྒང་གི་གྲུ་གཟིངས’ཞེས་འབོད་སྲོལ་ཡོད། བོད་ཀྱི་རིག་གནས་ལ་གཞི་ཚུགས་རྒྱུ་ནི་ང་ཚོའི་ཚོགས་པའི་ཚུགས་གནས་ཡིན”ཞེས་བྱམས་པའི་ངོས་ནས་བརྗོད་ན། ཐོན་རྫས་རེ་རེ་ནི་ཁོ་པའི་བརྩེ་སེམས་ཀྱིས་ཁེངས་པའི་ནོར་བུ་རེད།
          ད་ཆ་བྱམས་པའི་རིག་གནས་གསར་གཏོད་ཐོན་རྫས་གཅིག་བཙོངས་ཚེ་དེ་དང་ཆབས་ཅིག་དཔེ་འཛར་དང་རི་མོའི་དེབ་རེ་སྤྲད་ནས་འབྲེལ་བ་ཡོད་པའི་པར་རིས་ལ་འགྲེལ་བཤད་རྒྱག་གི་ཡོད་ལ། འདོགས་ཁྱི་དང་། གནམ་མཚོ། ཡར་ཀླུང་གཙང་པོ་སོགས་བོད་ཀྱི་རིག་གནས་རྒྱུ་ཆ་སྣ་ཚོགས་ཐོན་རྫས་ཇུས་བཀོད་ཐད་སྤྱད་ཡོད།
          བྱམས་པས“ང་ཚོས་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོང་ཐབས་ཁོ་ན་དམིགས་ཡུལ་དུ་འཛིན་གྱི་མེད་པར། ཐོག་མཐའ་བར་གསུམ་གསར་གཏོད་ཀྱི་བསམ་བློ་གསར་པ་འཚོལ་ཞིབ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།