འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཁོངས་ལས་བརྒལ་ནས་གཞི་ཁྱོན་ཆེ་བའི་དབྱར་གྲོ་འཕྲུལ་བསྡུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་03ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། མིག་སྔར་དབྱར་འབྲུའི་སྐྱེ་དངོས་གཙོ་བོ་ཡིན་པའི་གྲོ་ནི་ནུབ་ནས་བྱང་བར་རིམ་པ་བཞིན་སྨིན་གྱི་ཡོད་པ་དང་ལྷོ་ནུབ་ས་ཁུལ་གྱི་གྲོ་སྤྱིའི་ཆ་ནས་བརྔས་ཟིན། ཧོ་པེ་དང་། ཧོ་ནན། ཨན་ཧུའེ་སོགས་ཐོན་ཁུལ་གཙོ་བོ་གཅིག་སྡུད་བརྔ་བསྡུ་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ཞིང་ལས་གྲོང་གསེབ་པུས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་6ཚེས་1གི་ཆུ་ཚོད་17ཙམ་བར། རྒྱལ་ཡོངས་ཀྱི་གྲོ་མུའུ་ཁྲི་8898.06བརྔས་ཟིན་པ་ལས་འཕྲུལ་བསྡུའི་རྒྱ་ཁྱོན་མུའུ་ཁྲི་7980.29ཟིན་པ་དང་ཉིན་རེའི་འཕྲུལ་བསྡུའི་རྒྱ་ཁྱོན་མུའུ་ཁྲི་1536.35ལྷག་ཟིན་པ་ལས་ཨན་ཧུའེ་ཡི་ལས་ཕྱོད་བཅུ་ཆ་བཞི་ལས་བརྒལ་བ་དང་ཧོ་ནན་གྱི་ལས་ཕྱོད་བཅུ་ཆ་གསུམ་ལས་བརྒལ་བས་རྒྱལ་ཡོངས་ཀྱི“དབྱར་གསུམ”གྱི་ས་ཁོངས་ལས་བརྒལ་ནས་གཞི་ཁྱོན་ཆེ་བའི་དབྱར་གྲོ་འཕྲུལ་བསྡུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་པ་རེད།
          གྲོ་གཅིག་སྡུད་སྨིན་པའི་དུས་སུ་འཆར་བ་དང་བསྟུན་ནས་འདི་ལོ་དབྱར་ཁ་རྒྱལ་ཡོངས་སུ་ཞིང་ལས་འཕྲུལ་ཆས་ཁྲི་1550ཡིས་གྲོ་དང་པད་ཁ་སོགས་ལོ་ཏོག་མྱུར་བསྡུ་དང་། སོག་མ་ཐག་གཅོད། སྲོ་སྐམ་ལས་སྒྲུབ། དེ་བཞིན་མ་རྨོས་ལོ་ཏོག་དང་ཆུ་འབྲས་སོགས་སྐྱེ་དངོས་འདེབས་ལས་ལ་ཞུགས་པ་དེ་འཕྲུལ་ཆས་སྤྱོད་ཚད་དུས་མཚུངས་ལས་ཁྲི་80མང་དུ་ཕྱིན་པའི་ནང་མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་ཁྲི་63ཡོད། དགུན་གྲོ་འཕྲུལ་བསྡུ་བྱེད་ཚད་དང་དབྱར་ཁ་མ་རྨོས་ལོ་ཏོག་འཕྲུལ་འདེབས་བྱེད་ཚད་སྔོན་རྩིས་བྱས་ན་སོ་སོར་94%དང་82%ལས་བརྒལ་བ་དེ་དུས་མཚུངས་ལས་ཆ་སྙོམས་བརྒྱ་ཆའི་གྲངས་1མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།
          སྔོན་དཔག་བྱས་ན། འདི་ལོའི“དབྱར་གསུམ”ལས་སྒྲུབ་ལ་ཞུགས་པའི་ཞིང་འཕྲུལ་ཞབས་ཞུའི་རྩ་འཛུགས་ཁྲི་5.5ལས་བརྒལ་རྒྱུ་ཡིན་པའི་ནང་ཞིང་འཕྲུལ་མཉམ་ལས་ཁང་ཁྲི་3.1དང་འཕྲུལ་འཁོར་གཏོང་མཁན་ཁྲི་180ལས་བརྒལ་རྒྱུ་རེད། ཞིང་འཕྲུལ་ཞབས་ཞུའི་རྩ་འཛུགས་མང་ཆེ་བས་ས་ཞིང“མངགས་བཅོལ་དོ་དམ”དང་མངགས་ཐོའི་ལས་སྒྲུབ་སོགས་བྱེད་ཐབས་བརྒྱུད་ནས་ཁྲོམ་ར་བལྟོས་བཅས་ཀྱིས་བརྟན་པོ་ཞིག་ཆགས་པ་དང་ད་དུང་ཁག་གཅིག་རྒྱ་ཆེའི་ཞིང་དུད་ཆུང་ངུ་དང་དེ་བཞིན་རིགས་ཁག་གི་གཉེར་སྐྱོང་བྱེད་པོ་གསར་པར་དམིགས་ཏེ་གཅིག་འཐུས་རྣམ་པའི“བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན+ཕྱོགས་བསྡུས་ཞིང་ལས་ཞབས་ཞུ”མཁོ་འདོན་བྱས་པས“དབྱར་གསུམ”ས་ཁོངས་ལས་བརྒལ་བའི་ལས་སྒྲུབ་རྣམ་པ་དེ་འཕྲུལ་བསྡུས་གཙོ་བོ་བྱེད་པ་ནས་འཕྲུལ་བསྡུ་དང་། སོག་མ་ཐག་གཅོད། འཕྲུལ་འདེབས་གཞི་གཅིག་ཅན་གྱི་ཞབས་ཞུར་འགྱུར་བཞིན་ཡོད།
          འདི་ལོའི་དབྱར་འབྲུ་ཐོན་སྐྱེད་ལ་ཁྱད་ཆོས་མངོན་གསལ་དོད་པོ་གསུམ་ཡོད་པ་སྟེ། གཅིག་ནི་སྣོད་བཅུད་འདེབས་འཛུགས་མགྱོགས་སུ་ཕྱིན་པ། ཧྭ་པེ་དང་ཤིན་ཅང་ཐ་ལི་མུ་གཙང་པོའི་ས་འོག་ཆུ་འཐེན་མང་བའི་ཁུལ་དུ་གྲོ་མུའུ་ཁྲི་200ལྷག་ཙམ་ཉུང་འཕྲི་བྱས་པ་དང་ལྷོ་ནུབ་དང་ནུབ་བྱང་གི་གྲོ་སྙེའི་བཙའ་ནད་ཁུལ་གྱི་གྲོ་མུའུ་ཁྲི་70ལྷག་ཙམ་ཉུང་འཕྲི་བྱས་པ་རེད། གཉིས་ནི་སྣ་ཁ་སྤུས་ལེགས་མང་དུ་བཏང་བ། སྔོན་རྩིས་བྱས་ན་ཁྲོམ་རར་དཀོན་པའི་ཚི་ཉུང་དང་ཚི་མང་གྲོ་སྤུས་ལེགས་ཀྱི་རྒྱ་ཁྱོན་གྱིས་30%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.5མཐོ་རུ་ཕྱིན་ཡོད། གསུམ་ནི་ལྗང་མདོག་འཕེལ་རྒྱས་མགྱོགས་སུ་ཕྱིན་པ། སྔོན་རྩིས་བྱས་ན་ཆུ་གྲོན་ཆུང་གི་གྲོའི་སྣ་ཁའི་རྒྱ་ཁྱོན་20%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་8མཐོ་རུ་ཕྱིན་ཡོད། དེའི་ནང་ཧོ་པེའི་ཆུ་གྲོན་ཆུང་གི་གྲོའི་སྣ་ཁའི་རྒྱ་ཁྱོན་50%ཡན་ཟིན་ཡོད། ཆུ་གྲོན་ཆུང་དང་ཞིང་སྨན་གྲོན་ཆུང་ལག་རྩལ་མགྱོགས་མྱུར་ཁྱབ་གདལ་གཏོང་བཞིན་ཡོད།
          ད་ལྟ་དབྱར་འབྲུར་ལོ་ལེགས་བྱུང་བའི་དུས་སུ་སླེབས་མེད་པས“ལོ་ཏོག་མྱུར་བསྡུ”དང་ལོ་ལེགས་འབྲས་བཟང་ཡོང་བར་ད་དུང་སྔར་བཞིན་འབད་བརྩོན་ལྷོད་མེད་བྱེད་དགོས། ཞིང་ལས་གྲོང་གསེབ་པུས་ས་གནས་ཁག་ལ་ནུས་ཤུགས་ཡོད་རྒུས་ཆ་འཕྲིན“དབྱར་གསུམ”དང་། སྤུས་ཚད“དབྱར་གསུམ”ལྗང་མདོག“དབྱར་གསུམ”དུས་བདེ“དབྱར་གསུམ”སེམས་དྲོད“དབྱར་གསུམ”བཅས་བཏོད་དེ་ལེགས་ལ་མྱུར་བའི་སྒོ་ནས“དབྱར་གསུམ”གྱི་འཕྲུལ་ཆས་ཅན་ཐོན་སྐྱེད་ལས་འགན་སྒྲུབ་པའི་འགན་ལེན་བྱས་ཏེ་ཆ་འཕྲིན་གྱི་ཁྲིད་སྟོན་དང་། ལས་སྒྲུབ་ཚད་གཞི་དྲིལ་བསྒྲགས་དང་ལག་བསྟར། ལྗང་མདོག་སྒྲིག་ཆས་ལག་རྩལ་ཁྱབ་གདལ། ཞིང་འཕྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར། དམངས་ཕན་གྱི་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་ལས་དོན་ལ་གཙོ་བོ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཞིང་ལས་གྲོང་གསེབ་པུས་ས་ཁོངས་ལས་བརྒལ་བའི་ཞིང་འཕྲུལ་ལས་སྒྲུབ་ལག་ཁྱེར་ཁྲི་30ལྷག་ཙམ་བཟོས་ནས་འཕྲུལ་འཁོར་གཏོང་མཁན་ལ་སྤྲད་པས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་ལྗང་འཛུགས་འཕྲུལ་འཁོར་གྱི་ལག་ཁྱེར་ཀུན་གྱིས་སྤྱོད་ཐུབ་པའི་སྲིད་ཇུས་ལོངས་སུ་སྤྱད་ཆོག་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།