འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཚན་རྩལ་གསར་པ་ལས་རིག་དངོས་ལ་གསོན་ཤུགས་རྒྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་03ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། “རླུང་འཁོར་ཆུང་ངུ”ཞིག་སྐོར་བ་མྱུར་པོ་རྒྱག་བཞིན་ཡོད་ཅིང་། གློ་བུར་དུ་སྐོར་བ་རྒྱག་པའི་སྒྲོ་གཤོག་ཁྲོད་ནས་ཧ་ཅང་གསལ་བའི་ལྷ་སྐུ་ཞིག་བར་སྣང་དུ་འཕོས། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་ཞིག་ཏུ་3Dརིག་ནུས་ལག་རྩལ་ལ་བརྟེན་ནས་བསྟན་པའི་སྒྲོལ་མའི་ལི་སྐུ་ལས་ལྟད་མོ་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག
         “ཇི་ལྟར་བྱས་ཏེ་ལྷ་སྐུ་བར་སྣང་དུ་དཔྱང་བ་ཡིན་ནམ”ཞེས་ལྟད་མོ་བ་ཚོས་མཚོ་སྔོན་ཟི་ལིང་དུ་བར་སྣང་དུ་འཕྱོ་བའི་ལྷ་སྐུ་མཐོང་ཐེངས་དང་པོ་ཡིན་པས་ཡ་མཚན་ཆེན་པོ་སྐྱེས། དོན་དམ་དུ་དེ་ནི་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་ཐོག་མར་ནང་འདྲེན་བྱས་པའི་3Dརིག་ནུས་ལག་རྩལ་ཡིན་ཞིང་། ངོ་མཚར་ཆེ་བའི“རླུང་འཁོར”སྤྱད་དེ་རིག་དངོས་ཀྱི་སྣང་བརྙན་བར་སྣང་དུ་འཕྱོ་བར་བྱས་ཏེ་ལྟད་མོ་བ་ཚོས་ཕྱོགས་མང་པོ་ནས་རིག་དངོས་མཐོང་ཐུབ་པ་བྱས་ཡོད།
         “རླུང་འཁོར་འཁོར་བ་ལས་བྱུང་བའི་ལྷ་སྐུ་འདི་མངོན་སུམ་དང་ཁྱད་མི་འདུག གལ་ཏེ་ལག་རྩལ་འདི་ཁྱབ་གདལ་ཕྱིན་ཚེ་ཕྱིས་སུ་རིག་དངོས་ལ་ལྟ་སྐབས་ལམ་ཐག་རིང་པོ་བསྐྱོད་དགོས་མི་འདུག”ཅེས་སྐལ་བཟང་ཚེ་རིང་གིས་འཆད་འགྲེལ་པའི་འགྲེལ་བཤད་ཉན་རྗེས་བཤད་ཅིང་། ལྷ་སྐུར་སྐོར་བ་རྒྱག་བཞིན་དུ་ལྟ་ཞིབ་ཞིབ་ཕྲ་དང་ཁ་པར་ནས་པར་ཡང་སེ་བླངས།
          ལོ་46ལ་སླེབས་པའི་འབྲོག་པ་ཁོང་རིག་དངོས་ལ་ཧ་ཅང་དགའ་པོ་ཡོད་ཅིང་། ཉིན་དེར་ཆེད་མངགས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནས་ཟི་ལིང་དུ་ཡོང་བ་རེད། སྐལ་བཟང་ཚེ་རིང་གིས་ང་རང་རྟེན་རྫས་བཤམས་མཛོད་ཁང་དུ་རིག་དངོས་ལ་ལྟ་རྒྱུར་ཧ་ཅང་དགའ། ཡིན་ནའང་དུས་ཚོད་མེད་པ་དང་ལམ་ཐག་རིང་བས་རྟག་ཏུ་ཡོང་མི་ཐུབ། དེ་རིང་མཐོང་བའི་ལག་རྩལ་གསར་པར་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
         “ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་ཚན་རྩལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྟེན་རྫས་བཤམས་མཛོད་ཁང་གི་དྲིལ་བསྒྲགས་འགྲེམས་སྟོན་ཁྲོད་སྤྱད་དེ། སྤྱི་དམངས་ཀྱི་སྤྲོ་སེམས་འཕེལ་བ་དང་རིག་དངོས་དང་སྤྱི་དམངས་ཀྱི་འབྲེལ་བ་ཟབ་ཏུ་བཏང་ནས། རིག་དངོས་ལ་གསོན་ཤུཌ་རྒྱས་པར་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཏུང་ཀྲི་ཆང་གིས་བཤད་ཅིང་། ཁོང་གིས་རྟེན་རྫས་བཤམས་མཛོད་ཁང་གི་ཆ་འཕྲིན་ཅན་དང་གྲངས་གཞི་ཅན་གྱི་འཛུགས་སྐྱོང་ལས་མང་ཚོགས་ཚོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱོང་རོལ་དང་སློབ་སྦྱོང་བྱེད་པར་སྔར་བས་སྟབས་བདེ་དང་ཐབས་ལམ་སྣ་མང་བྱུང་ཡོད་ལ། རྟེན་རྫས་བཤམས་མཛོད་ཁང་གིས་ཀྱང་ཕྱོགས་གང་ས་ཅི་ཐད་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་ངོས་འཛིན་བྱས་པ་རེད།
         མིག་སྔར། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་གྲངས་གཞི་ཅན་འཛུགས་སྐྱོང་བྱས་མ་ཐག་ཡིན་པས། རིག་དངོས་ཉུང་ཤས་ཤིག་ལ་མ་གཏོགས་གྲངས་གཞི་ཅན་གྱི་ཆ་འཕྲིན་བཟོས་མེད། ཏུང་ཀྲི་ཆང་གིས་མ་འོངས་ལོ་གཉིས་རིང་མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་མཛོད་ཉར་བྱས་པའི་རིག་དངོས་རྩ་ཆེན་ཡོད་དོ་ཅོག་གི་གྲངས་གཞི་ཅན་གྱི་སྲུང་སྐྱོབ་ལས་དོན་ལེགས་སྒྲུབ་བྱ་རྩིས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།