འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་པེར་ལིན་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་21ནས་23ཉིན་བར་ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་འཇར་མན་གྱི་རྒྱལ་ས་པེར་ལིན་ལ་འཚམས་འདྲི་བྱས་ཤིང་། འཚམས་འདྲི་བྱེད་རིང་སྤེལ་རེས་ཚོགས་པས་འཇར་མན་སྲིད་གཞུང་གི་དཔོན་རིགས་སམ་སྨྱན་སྦྱོར་གྱི་གསར་འགོད་པ་སོགས་དང་སྤེལ་རེས་བྱེད་སྒོ་མང་པོ་སྤེལ་ནས་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དེང་གི་རྒྱལ་སྤྱིའི་ཐོག་གླེང་མང་བའི་གནད་དོན་བཅས་ལ་སྤེལ་རེས་དང་དཔྱད་བསྡུར་གཏིང་ཟབ་བྱས་པ་རེད།
         སྤེལ་རེས་ཚོགས་པ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུན་གྱིས་ཚོགས་གཙོ་གནང་བ་དང་ཁོངས་མིའི་ནང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་བོད་རིག་པ་མཁས་ཅན་དང་མཁས་དབང་སོགས་ཚུད་ཡོད།
         ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་རང་རྒྱལ་གྱི་མི་རིགས་སྲིད་ཇུས་ལ་ཕྱོགས་རེས་ཀྱི་ལྟ་ཚུལ་འཛིན་ཞིང་གོ་ནོར་ཐེབས་པར་དམིགས་ཏེ། ཀྲང་ཡུན་གྱིས་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་དེ་བཞིན་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་གསལ་འགྲེལ་བྱས་ཤིང་། ཁོང་གིས“མི་རིགས་ཀྱི་དབྱེ་འབྱེད་ནི་མི་རིགས་ཁག་ལ་དེ་བས་ལེགས་པའི་སྒོ་ནས་བརྩི་འཇོག་དང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་ཡོང་ཆེད་ཡིན། མི་རིགས་དབར་གྱི་དབྱེ་མཚམས་ལ་ཐལ་དྲགས་པའི་ལྟ་སྟངས་འཛིན་མི་རུང་། ཀྲུང་གོ་གནའ་སྔ་མོ་ནས་བཟུང་ཁོང་ཡངས་ཀྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་མི་རིགས་ཁག་གིས་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བརྩམས་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ངོ་བོ་ནི་མི་རིགས་ཁག་དེ་བས་ཉེ་རུ་དང་དེ་བས་བརྩེ་རུ་འགྲོ་ཆེད་རེད”ཅེས་བརྗོད།
         《དུས་རབས་གཟའ་འཁོར་ཚགས་པར་》གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲང་ཡུན་གྱིས་ཕར་ཕྱོགས་ལ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཁོང་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ནས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས། ཡུལ་སྐོར་དང་། བོད་ཀྱི་གསོ་རིག མི་རིགས་ལག་ཤེས་སོགས་ལས་རིགས་གོང་འཕེལ་མྱུར་པོ་འགྲོ་བ་དང་དུས་མཚུངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་པ་དང་། “ཚེ་གང་འགན་འཁྲི་རྩད་གཅོད་ལམ་ལུགས”ཀྱི་ཐོག་ནས་དེ་བས་ཀྱང་བོད་ཀྱི་གཏེར་ཁ་སྔོག་འདོན་སོགས་ཁོར་ཡུག་གཏོར་བཤིག་གི་བྱེད་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་པའི་ཆོད་སེམས་མཚོན་ཡོད། བོད་ཀྱིས་སྔར་བས་སྒོ་མོ་འབྱེད་པའི་་རྣམ་པའི་ཐོག་ནས་ཟམ་མི་ཆད་པར་ཇེ་མང་དུ་འགྲོ་བའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བསུ་བཞིན་ཡོད། ཕྱི་ཕྱོགས་མི་སྣས་དོན་དངོས་ལ་གཞི་བཙུགས་ཏེ་བོད་ཀྱི་སྤྱི་ཚོགས་ཀྱི་ད་ལྟའི་གནས་ཚུལ་ཇི་མ་ཇི་བཞིན་བཤད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དངོས་ཡོད་ཆ་འཕྲིན་བརྒྱུད་སྤྲོད་བྱས་ཏེ་འབྲེལ་འདྲིས་ཡུན་རིང་དང་སྤེལ་རེས་ཟབ་མོར་བརྟེན་ནས་མཐར་བོད་ལ་འཛིན་པའི་ཕྱོགས་རིས་ཀྱི་ལྟ་ཚུལ་དང་གོ་ནོར་མེད་པ་བཟོ་རྒྱུའི་རེ་བ་ཡོད་ཅེས་བཤད།
         འཇར་མན་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དོན་ཆེད་མི་དང་བཞུགས་མོལ་གནང་རིང་། འཇར་མན་གྱིས་བཏོན་པའི་བོད་དང་འབྲེལ་བ་ཡོད་པའི་གནད་དོན་དང་རྒྱལ་སྤྱིས་དོ་ཁུར་བྱ་ཡུལ་ལ། སྤེལ་རེས་ཚོགས་པས་ལོ་རྒྱུས་དངོས་ཀྱི་དཔྱད་ཡིག་ཞིབ་ཚགས་དང་གྲངས་གཞིར་བརྟེན་ནས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་བསྐྱར་དུ་གསལ་བཤད་བྱས་པ་དང་འབྲེལ་རང་རྒྱལ་གྱི་བོད་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཐད་ཀྱི་ཕྱི་ཕྱོགས་ཀྱི་སྔར་ཡོད་མཐོང་ཕྱོགས་ཐད་ལ་ཁོ་ཚོ་དང་མཉམ་དུ་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་དང་། དོགས་གནད་སེལ་བ། ཕན་ཚུན་གྱི་ལྟ་ཚུལ་རྒྱུས་མངའ་བཅས་བྱས་ནས་དོན་དངོས་དང་མཐུན་ལ་དཔྱོད་ཤེས་ཀྱི་བརྡར་ཤ་གཅོད་འདོད་ཡོད་ཅེས་བསྟན་པ་རེད།
          པེར་ལིན་ལ་འཚམས་འདྲི་བྱས་རྗེས། སྤེལ་རེས་ཚོགས་པ་ད་དུང་འཇར་མན་གྱི་ཧན་པའོ་དང་། ཧོ་ལན། ལ་ཐེ་ཝེ་ཡ་བཅས་ལ་འཚམས་འདྲི་དང་སྤེལ་རེས་བྱེད་པར་འགྲོ་རྒྱུ་རེད།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།