འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མགྱོགས་མྱུར་ཕྱོགས་ཡོངས་ནས་འདར་ནད་མེད་པར་བཟོ་རྒྱུ་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཚུའེ་ལི་ཡིས་རེ་ནེ་ཝར་ཀྲུང་གོ་སྲིད་གཞུང་གིས་འདར་ནད་མེད་པར་བཟོ་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་དང་ལེན་བྱས་ཏེ་2017ལོར་ས་གནས་དེ་རང་དུ་ནད་གཞི་ཕོག་མཁན་གྱི་ནད་དཔེ་མེད་པའི་སྙན་ཞུ་ཐོག་མ་དེ་མངོན་འགྱུར་བྱུང་བ་དང་། འདར་ནད་ཕྱོགས་ཡོངས་ནས་མེད་པར་བཟོ་བའི་རྒྱལ་ཁབ་ཏུ་འགྱུར་ཉེར་ཡོད་ཅེས་བཤད་པ་རེད།
         ཚེས་22ཉིན་སྐབས་71པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཀྲུང་གོ་དང་། སི་རི་ལན་ཁ། འབར་མ་བཅས་རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་ཐོག“དམངས་ཡོངས་བདེ་ཐང་ཡོང་རྒྱུ་ཧུར་ཐག་བྱེད་པ་སྟེ། རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱས་པའི་འདར་ནད་མེད་པར་བཟོ་བའི་བྱ་སྤྱོད”ཀྱི་ཕྱོགས་མང་ཚོགས་འདུ་འཚོགས་པ་དང་ཚུའེ་ལི་ཡིས་ཕྱོགས་མང་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཏེ་ཀྲུང་གོས་འདར་ནད་མེད་པར་བཟོ་བའི་བྱ་སྤྱོད་འཆར་གཞི་བཟོས་ཟིན་པ་དང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་སུ་འདར་ནད་ཕྱོགས་ཡོངས་ནས་མེད་པར་བཟོ་བའི་དམིགས་ཚད་བཏོན་ཡོད་ཅེས་བཤད།
         ཁོང་གིས་ཀྲུང་གོའི་སྨན་རྫས་རིག་པ་མཁས་ཅན་ཐུའུ་ཡིའུ་ཡིའུ་ཡི་ཆིང་ཀའོ་སུའུ་ཡི་ཞིབ་འཇུག་ལ་2015ལོར་ནོར་པེའི་སྐྱེ་ཁམས་རིག་པའམ་སྨན་རྫས་རིག་པའི་བྱ་དགའ་ཐོབ་ནས་གོ་ལ་ཧྲིལ་པོའི་འདར་ནད་སྨན་བཅོས་ལས་དོན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར་ཀྲུང་གོའི་ཆིང་ཀའོ་སུའུ་ཡི་སྨན་རྫས་ཀྱི་ཐོན་རྫས་ཁག་གཅིག་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་པ་དང་ཀྲུང་གོས་ཐོན་སྐྱེད་བྱས་པའི་ཕུགས་ཕན་ཉལ་གུར“ཨེ་ཙེའི་ནད་དང་། འདུས་འདྲིལ་གཅོང་ནད། འདར་ནད་བཅས་འགོག་པའི་གོ་ལ་ཧྲིལ་པོའི་ཐེབས་རྩའི”ཉོ་སྒྲུབ་དཀར་ཆག་ནང་བཅུག་ཡོད། ཀྲུང་གོས་འཛམ་གླིང་ལ་མ་གནས་ཀྱི་ཕན་ནུས་ལེགས་ཆ་ལྡན་པའི་འདར་ནད་འགོག་བཅོས་ཐོན་རྫས་མཁོ་འདོན་བྱས་ནས་གོ་ལ་ཧྲིལ་པོའི་འདར་ནད་མེད་པར་བཟོ་བའི་བྱ་སྤྱོད་ཐད་ལེགས་སྐྱེས་གསར་པ་འབུལ་ཐུབ་རྒྱུ་རེད་ཅེས་བཤད། 
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།