འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་སྒོར་དུང་ཕྱུར་154གཙང་སེལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་གསར་འགོད་པར་ཀན་སུའུ་ཞིང་ཆེན་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ས་གནས་ཀྱིས་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་དོ་སྣང་ཟབ་མོ་བྱས་ནས་སྔོན་ལ་སྤྲོད་པ་དང་སྔོན་གཏོང་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་སྤྱད་དེ་སྔོན་རྩིས་གཏོང་སྒོ་མགྱོགས་པོར་སྤྲད་དེ་དབུལ་སྐྱོར་དང་། སྣོད་བཅུད། དམངས་འཚོའི་དོན་དངོས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་མ་དངུལ་དུས་ཐོག་ཏུ་གནད་སར་འབྱོར་པ་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་། ཞིང་ཆེན་དེ་ཡོངས་ཀྱི་ཚོགས་འདུའི་འགྲོ་གྲོན་དང་གསོ་སྦྱོང་གི་འགྲོ་གྲོན་ཐད་ཀྱི་གཏོང་སྒོ་ལོར་ཆ་སྙོམས་6.3 %དང་གཞུང་གྲོན་གསུམ་ལོར་ཆ་སྙོམས་18.5%ཆག་ཅིང་། 2014ལོ་ནས་2017ལོའི་བར་ཞིང་ཆེན་དེ་ཡོངས་ཀྱིས་གསོག་འཇོག་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་154བསྡུས་པ་ལས་སྤྱི་འདོམས་བཀོད་སྒྲིག་ཐུབ་རིགས་ཚང་མ་དབུལ་སྐྱོར་དང་། སློབ་གསོ། ཚན་རྩལ་སོགས་ལ་སྤྱད་ཡོད་པ་རེད།
         ཀན་སུའུ་ཡིས་གང་འགབ་ཅི་སྤྱོད་ངང་ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་གཙང་སེལ་བྱས་ནས་ལྷག་འཕྲོའི་མ་དངུལ་དང་ལོ་གཉིས་བསྟུད་མར་སྤྱད་མ་ཚར་བའི་རྩིས་ཁ་སྤོ་བའི་མ་དངུལ་ཚང་མ་བསྡུས་པ་དང་། 2017ལོའི་སྡེ་ཚན་གྱི་རྩིས་ཁ་སྤོ་བའི་མ་དངུལ་ཁྲོད་ལས་དོན་གྱི་འགྲོ་གྲོན་དང་ལས་སྒོའི་འགྲོ་གྲོན་ཐད་ད་བར་བཏང་མེད་རིགས་དང་། དེ་བཞིན་ལས་རྗེས་ཀྱི་དམིགས་ཚད་དང་འགལ་བའི་རྣམ་གྲངས་མ་དངུལ་ཚང་མ་རིམ་མཚུངས་ནོར་སྲིད་ལ་སྤྲད་པ། ཞིང་ཆེན་རིམ་པའི་2017ལོ་དང་དེ་གོང་གི་ལོ་འཁོར་གྱི་གྲོང་ཁྱེར་དང་རྫོང་ལ་སྤྲད་པའི་མ་དངུལ་ཁྲོད་ནས་སྡེ་ཚན་དང་རྣམ་གྲངས་ངེས་གཏན་ལ་བཀོད་སྒྲིག་བྱས་མེད་རིགས་ཚང་མ་ཞིང་ཆེན་རིམ་པའི་ནོར་སྲིད་ལ་རྩིས་སྤྲད་པ། སྔོན་གཏོང་རྩིས་བཤེར་བྱས་རྗེས་ཀྱི་མ་དངུལ་ལྷག་འཕྲོ་ཚང་མ་གནས་ཚུལ་དངོས་ལ་གཞིགས་ནས་ཞིང་ཆེན་རིམ་པའི་ནོར་སྲིད་ལ་རྩིས་སྤྲད་པ། ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་གྱི་གཞི་ཁྱོན་ཆེ་བའི་སྡེ་ཚན་ལ་སྐབས་བསྟུན་ངང་ལོ་རྗེས་མའི་སྔོན་རྩིས་བཀོད་སྒྲིག་ཉུང་དུ་བཏང་བ། ལོ་དེར་གཏོང་སྒོའི་སྔོན་རྩིས་མ་དངུལ་བཏང་ཐུབ་མེད་རིགས་དུས་ཐོག་ཏུ་རྒྱབ་སྐྱོར་བྱེད་དགོས་ངེས་ཀྱི་ཁྱབ་ཁོངས་གཞན་ལ་སྤྱོད་རྒྱུར་ལེགས་སྒྲིག་བྱས་ནས་ནོར་སྲིད་ཀྱི་གསོག་འཇོག་མ་དངུལ་ཉུང་འཕྲི་དང་འཕར་སྣོན་བྱས་པ་བཅས་རེད།
          ངོ་སྤྲོད་ལ་གཞིགས་ན། གཏོང་སྒོ་སྤྲོད་རིམ་མགྱོགས་སུ་གཏོང་མི་ཐུབ་པ་དང་མ་དངུལ་གསོག་ཚད་ཆེ་བ་དག་ནི་རྣམ་གྲངས་ཁག་གཅིག་གི་འགྲོ་སོང་རྩིས་ཞུའི་ལམ་ལུགས་སོགས་ཀྱི་མ་དངུལ་གཏོང་སྤྲོད་ཐབས་ལམ་གྱི་ཤུགས་རྐྱེན་ཕོག་ནའང་། གཙོ་འགན་དོ་དམ་སྡེ་ཚན་གྱི་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་མི་འདང་བ་དང་། ཞིབ་མཆན་འགོད་ཡུན་རིང་བ། སྐུལ་སྤེལ་ནུས་ལྡན་མི་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ཡིན་པ་མ་ཟད། ནོར་སྲིད་ཀྱི་བདའ་འདེད་ལྟ་སྐུལ་ནུས་ལྡན་མེད་པའི་རྒྱུ་རྐྱེན་ཡང་ཡོད་པས། ཀན་སུའུ་ཞིང་ཆེན་གྱིས་ནོར་སྲིད་སྡེ་ཚན་ལ་དུས་ཐོག་ཏུ་མ་དངུལ་གཏོང་སྤྲོད་བྱས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྣམ་གྲངས་གཙོ་འགན་དོ་དམ་སྡེ་ཚན་ལ་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་དུས་འགོའི་གྲ་སྒྲིག་དང་རྣམ་གྲངས་འཛུགས་རྒྱུར་མཆན་བཀོད་བཀའ་ལན་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབ་དགོས་པ། རྣམ་གྲངས་ལག་བསྟར་ལ་ལྟ་སྐུལ་བྱེད་མཁན་ཚན་པ་དང་གྲོང་ཁྱེར་དང་རྫོང་ལ་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཀྱི་མ་དངུལ་བཏང་བའི་རྗེས་འཕྲལ་མར་བེད་སྤྱོད་ཐུབ་པ་དང་ཕན་འབྲས་སྔ་ཙམ་ཐོན་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།