འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཏོའི་དབར་ལ་ཕྱི་འབྲེལ་བཙུགས་པ་ལས་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་1ཉིན་ཀྲུང་གོ་དང་ཏོ་སྨི་ནི་ཁས་ཕྱི་འབྲེལ་འཛུགས་པའི་མཉམ་འབྲེལ་སྤྱི་བསྒྲགས་ཐོག་མིང་རྟགས་བཀོད་ཅིང་། སྤྱི་བསྒྲགས་ཐོག་མིང་རྟགས་བཀོད་པའི་ཉིན་ནས་བཟུང་ཕན་ཚུན་ཁས་ལེན་བྱ་རྒྱུ་དང་འབྲེལ་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་ཕྱོགས་འབྲེལ་བའང་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། ཏོ་སྨི་ནི་ཁའི་ལས་རིགས་ཁག་གིས་དེ་ནི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བ་དང་དུས་ཀྱི་འཕེལ་ཕྱོགས་མཚོན་པའི་བྱ་བ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
         ཏོ་སྨི་ནི་ཁ་ནི་མེ་གླིང་དབུས་མ་དང་ཅ་ལི་པི་ས་ཁུལ་གྱི་དཔལ་འབྱོར་དངོས་ཚན་ཆེ་ཤོས་ཤིག་ཡིན་པ་དང་ས་ཁུལ་གྱི་ལས་དོན་ཁྲོད་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། ཀྲུང་ཏོ་རྒྱལ་ཁབ་གཉིས་དབར་ལ་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཀྲུང་གོ་བས་སྔ་མོ་ནས་ཏོ་སྨི་ནི་ཁར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་པར་ཡོང་ནས་ཏོ་སྨི་ནི་ཁ་འཕེལ་རྒྱས་གཏོང་ཕྱིར་ནུས་པ་གལ་ཆེན་བཏོན་ཡོད། 1994ལོའི་ཟླ་བཞི་པར་ཀྲུང་གོ་ཕྱོགས་ཀྱིས་གྲོང་ཁྱེར་སན་ཐོ་ཏོ་མིང་ཀོར་ཚོང་དོན་ལས་ཚབ་ཁང་བཙུགས་པ་དང་2005ལོའི་ཟླ་བཅུ་གཅིག་པར་ཕྱོགས་མང་པོས་པེ་ཅིང་དུ་ཚོང་དོན་ལས་ཚབ་ཁང་བཙུགས་ཡོད། མིག་སྔར་ཏོ་སྨི་ནི་ཁ་ནི་ཅ་ལི་པི་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དེ་ཡིན་པ་དང་ཀྲུང་གོ་ནི་ཏོ་སྨི་ནི་ཁའི་ནང་འདྲེན་ཚོང་ཟོག་གི་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་གཉིས་པ་ཡིན་པ་རེད།
          ཏོ་སྨི་ནི་ཁའི་ཕྱི་འབྲེལ་པུའི་པུའུ་ཀྲང་པའར་ཅ་སིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་ཏོ་སྨི་ནི་ཁས་མདུན་ཕྱོགས་སུ་སྤོས་པའི་ཡང་དག་ལ་གལ་འགངས་ཆེ་བའི་གོམ་སྟབས་ཤིག་ཡིན་ཞེས་གསུངས་པ་རེད། ཏོ་སྨི་ནི་ཁ་སྲིད་གཞུང་གི་ཁྲིམས་ལུགས་བློ་འདྲི་བ་ཕུའུ་ལ་ཝུའེ་ཨའོ·ཏ་ལི་ཨའོ་ཡིས་ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་30ཉིན་ཀྲུང་ཏོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་གནས་ཚུལ་ཁྱབ་བསྒྲགས་གནང་སྐབས། ཏོ་སྨི་ནི་ཁ་སྲིད་གཞུང་གིས་བསམ་བློ་ཡང་ཡང་བཏང་བ་དང་ཏོ་སྨི་ནི་ཁའི་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་གཏན་འབེབས་དེ་འདྲ་ཞིག་བྱས་པ་ནི་ཏོ་སྨི་ནི་ཁའི་མི་དམངས་ཀྱི་ཕུགས་ལ་དམིགས་ནས་བྱས་པའི་གཏན་འབེབས་གལ་ཆེན་ཞིག་ཡིན་ཞེས་བསྟན་གནང་བ་རེད།
         ལོ་གཅིག་གོང་དུ་མེ་གླིང་དབུས་མའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ཕ་ན་མ་ཡིས་ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མིག་མཐོང་ལག་འཛིན་གྱི་ཕན་པ་ཐོབ་ཡོད། ཕ་ན་མའི་ཙུང་ཐུང་པ་ལེ་ལ་ཡིས་ཡུན་རིང་མ་སོང་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་རང་ཉིད་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་། ཕ་ན་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་གཏན་འབེབས་ཡང་དག་ཅིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཐུབ་ཀྱི་ཡོད་ཅེས་གསུངས་པ་རེད།
         འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད། ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་ཐུབ་པའི་ཁྲིམས་མཐུན་སྲིད་གཞུང་འབའ་ཞིག་རེད། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ནི་ཀུན་གྱིས་ཁས་བླངས་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན། ཀྲུང་གོས་རྒྱལ་ཁབ་ཅི་འདྲ་ཞིག་དང་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བའི་རྩ་བའི་སྔོན་འགྲོའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་རྨང་གཞི་ཞིག་རེད།
          ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་དངོས་སུ་ཕྱི་འབྲེལ་བཙུགས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཕྱེ་བ་མཚོན་གྱི་ཡོད། ཀྲུང་གོའི་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་དབང་དབྱིས་གསུངས་པ་བཞིན། ཀྲུང་གོ་དང་ཏོ་སྨི་ནི་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དང་ཆབས་ཅིག་ཀྲུང་གོར་ལ་ཏིང་མེ་གླིང་དུ་ལྟ་རེས་སྐྱོང་རེས་ཀྱི་གྲོགས་མཆོག་ཅིག་མང་དུ་ཕྱིན་པ་དང་། ཏོ་སྨི་ནི་ཁ་ལའང་འཕེལ་རྒྱས་དང་དར་རྒྱས་ཀྱི་འགྲོ་ལམ་ཐོག་གཉིས་ཁེ་མཉམ་ལས་ཀྱི་རོགས་ཟླ་ཡག་པོ་ཞིག་བྱུང་ཡོད། ཀྲུང་གོ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པ་དེ་ལས་ཏོ་སྨི་ནི་ཁ་རང་ངོས་འཕེལ་རྒྱས་ཐད་སྔར་ན་མེད་པའི་གོ་སྐབས་ཧ་ཅང་ཆེན་པོ་ཞིག་བྱུང་ནས་ཏོ་སྨི་ནི་ཁའི་མི་དམངས་ཁྲི་1000ལྷག་ཙམ་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་དང་བདེ་སྐྱིད་ཐོབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།