འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དུ་ས་ཡོམ་ཆེན་པོ་བརྒྱབ་ནས་ལོ་10འཁོར་བའི་དགེ་སྒྲུབ་འགྲེམས་སྟོན་ཁྲེང་ཏུའུ་རུ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན“སི་ཁྲོན་དུ་ས་ཡོམ་ཆེན་པོ་བརྒྱབ་ནས་ལོ་10འཁོར་བའི་དགེ་སྒྲུབ་འགྲེམས་སྟོན”ཁྲེང་ཏུའུ་རུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནི་ཤང་ཀང་ཧྥུའུ་ཡིའུ་ཐེབས་རྩ་ཚོགས་པས་ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་ཐོག་གཉེར་བ་དང་། དེའི་དམིགས་ཡུལ་ནི་པར་རིས་དང་ཡི་གེའི་རྣམ་པའི་ཐོག་ནས་ཤང་ཀང་གི་ལས་རིགས་ཁག་གི་མི་སྣས་དབུན་ཁྲོན་་གྱི་ས་ཡོམ་གེགས་རྗེས་སུ་མུག་སྐྱོབ་དང་བསྐྱར་སྐྲུན་ཆེད་འབད་འཐབ་བྱས་པར་དྲན་གསོ་དང་ཆབས་ཅིག ས་ཁུལ་དབུལ་པོར་རྒྱུན་རྣམ་ཅན་གྱི་པར་ལེན་སྒྱུ་རྩལ་སློབ་གསོའི་སྤྱི་ཕན་རྣམ་གྲངས་ལག་བསྟར་བྱེད་དགོས་ལུགས་འདོན་པ་དེ་རེད།
          བྱེད་སྒོ་སྤེལ་ཡུལ་དུ་གཙོ་བོ་པེ་ཁྲོན་གེགས་ཁུལ་གྱི་ཕྲུ་གུ་ཚོས་པར་བླངས་པའི་བརྩམས་ཆོས་66འགྲེམས་སྟོན་བྱས་པ་རེད། 2013ལོར་ས་ཡོམ་གེགས་ཁུལ་སླར་གསོ་བསྐྱར་བསྐྲུན་ལས་དོན་ཚར་རྗེས་དངོས་པོའི་ཐད་ཕོག་པའི་གནོད་འཚེ་སླར་གསོ་ཐུབ་པ་དང་། ཧྥུའུ་ཡིའུ་ཐེབས་རྩ་ཚོགས་པས་དེའི་སྐབས་སུ་ས་ཡོམ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་དང་ལྷག་པར་དུ་ཕྲུ་གུ་ཚོའི་སེམས་ཁམས་ཀྱི་སྡུག་བསྔལ་ད་དུང་འཇགས་མེད་པ་ཤེས་རྟོགས་བྱུང་ནས་གང་འདྲ་བྱས་ཏེ་གནད་དོན་དེ་དག་ཐག་གཅོད་བྱ་རྒྱུའི་ཐད། སྟབས་བདེ་ལ་སྦྱོང་སླ་བའི་པར་ལེན་བྱེད་སྒོ་སྤེལ་ན་ཕྲུ་གུ་ཚོའི་མཉམ་འཇོག་བྱེད་ཡུལ་སྒྱུར་ཐུབ་ནས་ཁོང་ཚོའི་སེམས་ཀྱི་རྨ་ཁ་གསོ་ཐུབ་པར་བསམས་ནས་ཐབས་ཤེས་དེ་སྤྱད་པ་དང་། ཧྥུའུ་ཡིའུ་ཐེབས་རྩ་ཚོགས་པས་སྤྱི་ཚོགས་ནས་པར་ཆས་རྙིང་པ་བསྡུ་རུབ་བྱས་ཏེ་ས་ཡོམ་གེགས་ཁུལ་གྱི་ཕྲུ་གུ་ཚོར་སྤྲད་པ་རེད།
          ལོ་ལྔ་ལྷག་ཙམ་རིང་། པེ་ཁྲོན་གེགས་ཁུལ་གྱི་ཕྲུ་གུ་ཚོས་རྣམ་གྲངས་བརྒྱུད་པར་ཁྲི་ཕྲག་འགའ་བླངས་ཤིང་། པར་དེ་ཚོའི་ནང་གེགས་རྗེས་སླར་གསོའི་གནས་ཚུལ་འཁོད་ཡོད་ལ་ཕྲུ་གུ་ཚོའི་སེམས་ནང་གི་སྡུག་བསྔལ་ཡང་མཚོན་ཡོད་པ་མ་ཟད། ཕྲུ་གུ་ཚོའི་གོམ་པ་རེ་རེ་བཞིན་བློ་སྟོབས་ཆེར་སྐྱེད་དང་མཉམ་སྤྱོད་ལ་དགའ་བའི་འཚར་ལོངས་ཀྱི་ལོ་རྒྱུས་ཀྱང་མཚོན་ཡོད།
         2017ལོའི་ལོ་མཇུག་ཏུ་ཧྥུའུ་ཡིའུ་ཐེབས་རྩ་ཚོགས་པ་དང་ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོབ་ཐེབས་རྩ་ཚོགས་པས་མཉམ་ལས་ཐོག་ཧྥུའུ་ཡིའུ་ཆེད་དོན་ཐེབས་རྩ་བཙུགས་ནས་ཆེད་མངགས་གྲོང་གསེབ་ཀྱི་བྱིས་པ་ཚོར་སྤུས་ལེགས་ཀྱི་སྒྱུ་རྩལ་སློབ་གསོའི་ཐོན་ཁུངས་མཁོ་འདོན་གྱིས་ཁོ་ཚོ་སྤྲོ་སྣང་ལྡན་པ་དང་གདེང་ཚོད་ཀྱིས་ཁེངས་པའི་ངང་འཚར་ལོངས་ཐུབ་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།