འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་སུའུ་ཏན་གྱི་ཞི་བདེ་སྲུང་སྐྱོང་བུད་མེད་དམག་གི"མོ་ཁྱོ་ག" 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་14ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལྷོ་སུའུ་ཏན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་ནང་གི་བུད་མེད་དམག་གི་པན་ཀྲང་ཡུས་ཕེ་ཅེར“མོ་ཁྱོ་ག”ཞིག་ཡོད། ཁོ་མོས་དམར་འཛིང་བྱེད་སྐབས་དམག་མི་སྐྱེས་པ་རྣམས་ལས་རྒྱལ་ཐུབ་པ་མ་ཟད། གར་སྟེགས་ཐོག་བུད་མེད་ཀྱི་སྒེག་ཉམས་སྟོན་ཐུབ་ཀྱི་ཡོད་པས་འཐབ་གྲོགས་རྣམས་ཀྱིས“གཤིས་འཇམ་གྱི་མོ་ཁྱོ་ག”ཞེས་འབོད་ཀྱི་ཡོད།
         “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་ཏུ་གསར་འགོད་པར་ལོ་26ལ་སླེབས་པའི་ཡུས་ཕེ་ཅེ་འཕྲད་སྐབས་ལུས་ཐོག་ཏུ་དམག་ཆས་ཁྲ་ཁྲ་གྱོན་པ་དང་ངོ་གདོང་ཉི་མས་བསྲེགས་ནས་སྨུག་པོར་གྱུར་ལ་གླེང་མོལ་བྱེད་སྐབས་གཟུགས་པོ་ཀྲོང་ངེར་ལངས་པ་དང་འབྲེལ་སྐད་ཆ་ཤོད་སྐབས་ཁ་རི་ཁ་ཐུག་ཞིག་འདུག
          ཡུས་ཕེ་ཅེ་སྡོད་སའི་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་ནི་མིག་སྔར་ཀྲུང་གོས་ཕྱི་རྒྱལ་དུ་བཏང་བའི་དམག་འཐབ་དཔུང་སྡེ་ཞིག་རེད། ཡུས་ཕེ་ཅེ་2017ལོའི་ཟླ་11ཚེས་19ཉིན་དེ་གར་འབྱོར་བ་དང་ལས་འགན་འཁུར་ནས་ལོ་གཅིག་འགྲོ་གི་ཡོད།
         ཞི་བདེ་སྲུང་སྐྱོང་ནང་ཞུགས་རྒྱུ་དེ་ནི་ཁོང་གི་ཡུན་རིང་གི་ཕུགས་འདུན་རེད། ཁོང་གིས“རྒྱལ་ཁབ་ཆེད་རྡོག་ཐོན་བྱེད་པ་དེ་ནི་གཟི་བརྗིད་ཅིག་ཡིན། ང་ནན་ཁྲང་དུ་དམག་དོན་དྲག་རྩལ་འགྲན་བསྡུར་ནང་ཞུགས་སྐབས་གློ་བུར་དུ་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་རྒྱུའི་ནང་མིང་ཐོ་འགོད་ཆོག་པའི་ཁ་པར་འབྱོར་སྐབས་སེམས་ནང་དགའ་སྤྲོ་དཔག་མེད་བྱུང་ལ་འཕྲལ་དུ་ཞུགས་རྒྱུའི་ཐག་བཅད་པ་ཡིན”ཞེས་བཤད་བྱུང་། དཔྱད་ཞིབ་བྱས་པ་བརྒྱུད་ཡུས་ཕེ་ཅེ་ཡི་དམག་དོན་བྱང་ཚད་ཀྱི་མངོན་གསལ་དོད་པས་ཞི་བདེ་སྲུང་སྐྱོང་གི་འཐབ་འཛིང་པ་ཞིག་ཏུ་གྱུར་བ་རེད།
         སྐོར་ཞིབ་ཀྱི་ལས་འགན་སྒྲུབ་སྐབས་ཡུས་ཕེ་ཅེ་དང་འཐབ་གྲོགས་ཚོས་མདེལ་འགོག་སྟོད་གོས་གྱོན་པ་དང་མེ་མདའ་འཁུར་ནས་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཆེད་གཏོང་ཚོགས་པས་གཏན་འཁེལ་བྱས་པའི་མཚོན་ཆ་བཀག་སྡོམ་ཁུལ་དུ་བསྐྱོད་དེ་ཐོལ་བྱུང་དོན་རྐྱེན་མཐའ་དག་ལ་དོ་དམ་བྱེད་ཀྱི་ཡོད། རྡོག་ཁྲེས་ཀྱི་ལྗིད་ཚད་སྤྱི་རྒྱ་20ལྷག་ཙམ་ཡོད་ལ་ཉིན་མོ་སྐོར་གཡེང་ཆུ་ཚོད་5ནས་7བར་བྱེད་དགོས་ཤིང་། ལྷོ་སུའུ་ཏན་གྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་40ཙམ་ཡོད་པས་སྐོར་གཡེང་ཚར་རྗེས་ལུས་པོ་ཚང་མ་རྔུལ་ཆུས་འཚོས་ཀྱི་ཡོད།
         ཞི་བདེ་སྲུང་སྐྱོང་ཡིང་ནང་བུད་མེད་འཐབ་འཛིང་པ་10ཡོད་པ་དང་དེའི་ནང་ནས་ཆུང་ཤོས་ལོ་19ལ་སླེབས་ཀྱི་ཡོད་ཅིང་། ཞི་བདེ་སྲུང་སྐྱོང་ཡིང་དུ་རྒྱུན་དུ་དམག་སྦྱོང་སྣ་ཚོགས་སྒྲིག་འཛུགས་བྱེད་དགོས་པས་པན་ཀྲང་ཡིན་པའི་ཡུས་ཕེ་ཅེས་བུད་མེད་འཐབ་འཛིང་པ་རྣམས་ཁྲིད་དེ་ཇུས་གཞི་འགོད་པ་དང་ནང་སྦྱོང་ཧུར་ཐག་བྱས་པར་བརྟེན་དམག་སྦྱོང་གྲུབ་འབྲས་ཀྱང་ཡག་པོ་ཐོབ་པ་མ་ཟད། དམག་སྦྱོང་རྐྱང་པ་ལ་ལའི་གྲུབ་འབྲས་འཐབ་འཛིང་པ་སྐྱེས་པ་ལས་ཀྱང་ལྷག་པ་ཡོད།
         གསར་འགོད་པ་ཡུས་ཕེ་ཅེ་དང་མཉམ་དུ་ན་ཅེ་ཧྲི་གྲོང་ཚོའི་འགྲམ་གྱི་མཚོན་ཆ་བཀག་སྡོམ་ཁུལ་དུ་སྐོར་གཡེང་བྱེད་པར་སྐྱོད་སྐབས་ཏག་ཏག་ལོ་71ལ་སླེབས་པའི་ས་གནས་དེའི་གྲོང་མི་ཤི་ལ་ལི·ཐུའུ་ནཱ་ཐི་ཨའོ་འཕྲད་བྱུང་། བགྲེས་སོང་གིས་ཡུས་ཕེ་ཅེའི་ལག་ནས་འཇུས་ཏེ་སེམས་འགུལ་ཆེན་པོས“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ང་ཚོའི་གྲོང་ཚོའི་བདེ་འཇགས་སྲུང་པས་ད་ལྟ་དགོང་མོ་ཕྱི་རུ་ཉལ་ཡང་བློ་བདེ་པོ་འདུག”ཅེས་བཤད།
         ཡུས་ཕེ་ཅེས“ལྷོ་སུའུ་ཏན་དུ་ད་དུང་དམག་འཁྲུག་གི་དུ་ཞག་འཁྲིགས་པས་མི་སེར་ཚོས་ཞི་བདེ་ཡོང་རེ་བྱེད་ཀྱི་ཡོད། ཁོང་ཚོའི་ཆེད་ལེགས་སྐྱེས་ཕྲན་བུ་ཞིག་འབུལ་ཐུབ་ན་ངར་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག གལ་སྲིད་གོ་སྐབས་བྱུང་ན་ང་ད་དུང་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་པར་ཡོང་གི་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།