འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཡུལ་ལས་ཁ་བྲལ་བ་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་བར། 

    —— མཚོ་སྔོན་གྱི་རྡོ་སྣུམ་ལས་དོན་པ་མི་རབས་གསུམ་གྱི་འབད་འབུངས་ཀྱི་ལོ་ཟླ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཚྭ་འདམ་གཞོང་སའི་ནུབ་བྱང་རྒྱུད་ཀྱི་མཚོ་སྔོན་ཞིང་ཆེན་མེ་ཏོག་གཤོང་གྲོང་རྡལ་གྱི་བྱང་ནས་སྤྱི་ལེ་20ཙམ་གྱི་སར་གནས་པའི་མུ་མཐའ་མེད་པའི་གྲམ་ཐང་ཁྲོད་རྡོ་སྣུམ་གསོར་ཁྲོན་སྟེགས་བུ་ཆེ་ཆུང་སྣ་ཚོགས་ཀྲོང་ངེར་ཆགས་ཡོད།
         འདིར་མཚོ་སྔོན་གྱི་སྣུམ་ཞིང་སེང་གེ་གཤོང་གི་སྣུམ་འདོན་ལས་སྒྲུབ་ཁུལ་ཡིན་ཞིང་། ས་བབ་མཐོ་ཚད་སྨི་3200ཙམ་ཟིན་པའི“སེང་གེ་ཁྲོན་པ་205”ཁུལ་དུ་སྣུམ་འདོན་བཟོ་པ་ཁྱུ་གཅིག་གིས་བྲེལ་བརྩོན་ཆེན་པོ་བྱེད་པ་དང་ལས་གོས་དམར་པོས་རི་ཁྲོད་ཀྱི་ལུང་སྟོང་དུ་བཀྲག་མདངས་ཕྲན་བུ་བསྣན།
         1990ལོར་སྐྱེས་པའི་ལིའུ་མོང་ཧྲན་གྱིས་སྟོན་རྟགས་རེའུ་མིག་སྟེང་གི་སྣུམ་གནོན་ལ་ཞིབ་བཤེར་བྱེད་ཀྱིན་གྲངས་གཞིའི་ཟིན་ཐོ་འགོད། ཡུད་ཙམ་སོང་རྗེས་སྣུམ་ཟོམ་རླངས་འཁོར་ཞིག་སླེབས་པ་དང་ཁོང་གིས་མྱུར་དུ་བསྐྱོད་དེ་གོ་རིམ་ཚང་མ་ཞིབ་བཤེར་བྱས་རྗེས་སྣུམ་གསོག་ཟོམ་གྱི་གཅོད་སྒོ་ཕྱེ་སྟེ་རླངས་འཁོར་ལ་སྣུམ་བླུགས།
         དེ་ལྟར་ཆུ་ཚོད་གཅིག་ཙམ་གྱི་བརྒྱུད་རིམ་དེ་ལིའུ་མོང་ཧྲན་གྱིས་ཉིན་ལྟར་ཐེངས་10ལྷག་ཙམ་བསྐྱར་ཟློས་བྱེད་དགོས་ཀྱི་ཡོད། ཚ་གདུག་ཆེ་བའི་ཉི་འོད་འོག་ཁོང་གི་དཔྲལ་པ་ལས་རྔུལ་ཆུ་དོན་པ་དང་ཉིན་དགུང་དྲོད་ཚད་ཧ་ཅང་ཆེ་ལ་མཚན་མོ་གློ་བུར་དུ་དྲོད་ཚད་ཆག་པའི་ས་མཐོའི་གནམ་གཤིས་དེ་ལྟ་བུའི་འོག་ལས་ཀ་བྱེད་དགོས་ཤིང། ཁོང་གིས“སྐབས་རེ་མཚན་ལས་བྱེད་སྐབས་མི་མེད་ལུང་སྟོང་དེའི་ནང་རླུང་དང་རང་ཉིད་ཀྱི་གོམ་པའི་སྒྲ་ལས་ཐོས་རྒྱུ་མེད”ཅེས་བཤད།
         ལིའུ་མོང་ཧྲན་གྱིས“ངའི་སྤོ་བོ་དང་རྨོ་བོ་ལགས་དང་ཕ་མ་གཉིས་ཀ་མཚོ་སྔོན་གྱི་སྣུམ་ཞིང་ལས་མི་ཡིན་པ་དང་རང་ཉིད་དེ་གར་སྐྱེ་འཚར་བྱུང་བས་དེ་ག་ནི་ངའི་ཕ་ཡུལ་ཡིན། ཁོང་ཚོའི་རྗེས་ཤུལ་དང་སྦྲགས་ཕ་ཡུལ་འཛུགས་སྐྲུན་ཆེད་མུ་མཐུད་ནུས་པ་འདོན་ཐུབ་པས་རང་ཉིད་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག་ལ་སེམས་རྣལ་ལ་ཕབ་པའི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་བཤད།
         ཚྭ་འདམ་གཞོང་སའི་དབུས་ནུབ་རྒྱུད་དུ་གནས་པའི་མཚོ་སྔོན་སྣུམ་ཞིང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་ཟིན་པ་དེ་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་སྣུམ་ཞིང་ཡིན་པ་དང་ཁོར་ཡུག་ཞན་ལ་ཆ་རྐྱེན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད།
          ལིའུ་མོང་ཧྲན་གྱི་སྤོ་བོ་ཝུའུ་ཡུང་ཕུའུ་འདི་ལོ་ལོ་83ལ་སླེབས་པ་དང་1956ལོར་ཚྭ་འདམ་གཞོང་སར་མཚོ་སྔོན་སྣུམ་ཞིང་འཛུགས་སྐྲུན་བྱེད་པར་སླེབས་པ་དང་ཉེན་སྲུང་པ་དང་། གསོར་ཁྲོན་བཟོ་པ། རྒྱབ་ཕྱོགས་མཁོ་སྒྲུབ་པ་སོགས་ཀྱི་ལས་སྣེ་ཁུར་མྱོང་ཡོད། མཚོ་སྔོན་སྣུམ་ཞིང་དུ་ཐོག་མར་སླེབས་སྐབས་ཝུའུ་ཡུང་ཕུའུ་ད་ལྟའི་ཚ་མོ་དང་ཆེ་ཆུང་འདྲ་པོ་ཡོད།
         ཝུའུ་ཡུང་ཕུའུ་ཡིས“ལུང་སྟོང་དུ་སྐམ་ཤས་ཆེ་ལ་ཆུ་དཀོན་པས་འཐུང་ཆུའང་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་ཕྱི་རོལ་ནས་དུས་བཀག་ལྟར་སྐྱེལ་གྱི་ཡོད། དཀའ་ངལ་ཆེ་ཤོས་སྐབས་སུ་ཁྱིམ་ཚང་བཞི་སྦྲ་གུར་གཅིག་ནང་སྡོད་དགོས་པ་དང་ཁྱིམ་ཚང་ལ་ལ་ད་དུང་ས་ཕུག་ནང་སྡོད་དགོས་ལ་ལྟོ་ཆས་ཀྱང་པད་ཚལ་དང་། ལ་ཕུག ཞོག་ཁོག་བཅས་ལས་མེད”ཅེས་དྲན་གསོ་བྱེད་བཞིན་བཤད།
         ཝུའུ་ཡུང་ཕུའུ་ཡི་བཟའ་ཟླ་ཝང་ཤིའུ་ཀྲེན་གྱིས་དེ་གར་ཐེངས་དང་པོ་ཡོང་སྐབས་རྔ་མོང་བཞོན་པ་དང་ཁོང་གི་དྲན་ཤེས་ཟབ་ཤོས་ནི་གཞོང་སའི་རླུང་ཆེན་པོ་དེ་ཡིན་ཞིང་། “རླུང་རྒྱག་སྐབས་གནམ་ས་ཁེངས་པ་དང་མཚན་གུང་དུ་སྐབས་རེ་སྦྲ་གུར་དང་མལ་ཆས་ཀྱང་རླུང་གིས་འཁྱེར་གྱི་ཡོད་པ”ད་དུང་གསལ་པོར་ངེས་ཡོད།
         དེས་ན་ཁོར་ཡུག་ཞན་པོ་དེ་ལྟ་བུའི་ཁྲོད་རྡོ་སྣུམ་ལས་མི་ཁག་དང་ཁག་གིས་ཕ་ཡུལ་དང་ཁ་བྲལ་ནས་དེ་གར་གཞི་ཚུགས་ཏེ་རང་རྒྱལ་གྱི་སྣུམ་རླངས་ཐོན་སྐྱེད་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱ་ཆེད་ཚེ་གང་འབད་འཐབ་བྱས།
         འདི་ལོ་ལོ་75ལ་སླེབས་པའི་ལེང་ཙེ་ཞང་ན་གཞོན་སྐབས་འཐབ་ཕྱོགས་དང་པོའི་སྣུམ་འདོན་བཟོ་པ་བྱེད་མྱོང་བ་དང་རྗེས་སུ་དྲིལ་བསྒྲགས་ལས་གནས་ཐོག་ལོ་མང་རིང་ལས་ཀ་བྱས། ཁོང་གི་གློག་ཀླད་རྙིང་པ་དེའི་ནང་མཚོ་སྔོན་གྱི་རྡོ་སྣུམ་ལས་དོན་པ་མི་རབས་རྒན་གྲས་བརྒྱ་ཕྲག་ཁ་ཤས་ཀྱི་གཏམ་རྒྱུད་ཟིན་བྲིས་བྱས་པ་དང་ལོ་རབས་དེའི་འདྲ་པར་ཆིག་སྟོང་ཙམ་ཉར་ཚགས་བྱས་ཡོད།
         ལེང་ཙེ་ཞང་གིས“ངེད་ཚོ་མི་རབས་འདིས་ས་མཐོའི་སྣུམ་ཞིང་ཐོག་རྔུལ་ཆུ་མང་པོ་བཏོན་པས་དེ་གར་ངེད་ཚོའི་ལོ་རྒྱུས་ཧ་ཅང་མང་པོ་ཡོད”ཅེས་བཤད་པ་དང་ད་ཆ་མཚོ་སྔོན་སྣུམ་ཞིང་ལས་མི་རྒན་རབས་ཁྲོད་ནས་མང་པོ་ཞིག་ཚེ་ལས་འདས་མོད། འོན་ཀྱང་དགའ་འོས་པ་ཞིག་ནི་ལས་གཅེས་ལས་བཀུར་གྱི་སྙིང་སྟོབས་དེ་རྗེས་རབས་པའི་ཁྲོད་རྒྱུན་འཛིན་ཐུབ་ཡོད།
         འདི་ལོ་ལོ་56ལ་སླེབས་པའི་ཁོའོ་ཡིའུ་ཡུན་ནི་1979ལོར་ལས་ཀར་ཞུགས་པ་དང་ཁོང་ནི་མཚོ་སྔོན་གྱི་སྣུམ་ཞིང་ལས་དོན་པ་མི་རབས་གཉིས་པ་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ལོ་འགོར་མཚོ་སྔོན་གྱི་སྣུམ་ཞིང་དུ་སྲུང་སྐར་ངེས་གནས་ཕྱོགས་སྟོན་རུ་ཁག་གཅིག་ཆེད་མངགས་བཙུགས་ནས་ཚྭ་འདམ་གཞོང་སར་གཞི་ཁྱོན་ཆེ་བའི་ཚོད་འཛིན་ས་ཚིགས་བཀོད་སྒྲིག་ལས་དོན་སྤེལ་འགོ་ཚུགས་ཡོད། ཁོའོ་ཡིའུ་ཡུན་གྱིས་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད་སྲུང་སྐར་ཕྱོགས་སྟོན་རུ་ཁག་གི་བསྡུ་ལེན་ཚོགས་ཆུང་གི་ཁོངས་མི་ཞིག་ཏུ་གྱུར་ཡོད།
         ཁོའོ་ཡིའུ་ཡུན་གྱིས“རྩད་ཞིབ་ལས་དོན་སྤེལ་སྐབས་ལོ་ལྟར་སྦྲ་གུར་དང་། སྒྲིག་ཆས། ལམ་རྒྱགས་བཅས་འཁྱེར་ནས་མི་མེད་ལུང་སྟོང་ཁུལ་དུ་བསྐྱོད་དགོས་པ་དང་སྐབས་རེ་འགྲོ་ཐེངས་གཅིག་ལ་ཟླ་ཁ་ཤས་སྡོད་དགོས་ཀྱི་ཡོད”ཅེས་བཤད་པ་དང་མ་གཞི་དཀའ་བ་དུ་མ་སྤྱད་དེ་སྣུམ་འཚོལ་བའི་མྱོང་བ་ཧ་ཅང་དཀའ་ཚེགས་ཆེ་མོད། འོན་ཀྱང་ད་ཆ་བསམ་བློ་བཏང་ཚེ་གྲུབ་འབྲས་ཐོབ་པའི་ཚོར་སྣང་འདུག་ཅེས་བཤད། ན་ནིང་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་ཁོའོ་ཡིའུ་ཡུན་གྱིས་སྔར་བཞིན་ན་གཞོན་ལས་རོགས་ལ་གནད་དོན་ཁ་ཤས་ཐག་གཅོད་བྱེད་རོགས་བྱས་ཡོད།
         1992ལོར་སྐྱེས་པའི་ལི་རུའེ་ནི་སྣུམ་ཞིང་དུ་སྐྱེས་པ་དང་འབྲེལ་འཚར་ལོངས་བྱུང་ཞིང་། སློབ་ཆེན་ཐོན་རྗེས་སྣུམ་ཞིང་དུ་ལས་ཀ་བྱས། ད་ཆ་མཚོ་སྔོན་སྣུམ་ཞིང་རླངས་འདོན་བཟོ་གྲྭ་གསུམ་པའི་ཏུང་ཕིང་འདུས་སྐྱེལ་ས་ཚིགས་ཀྱི་བཟོ་པ་དཀྱུས་མ་ཞིག་ཡིན།
         ལི་རུའེ་ཡིས་ད་ཆ་སྣུམ་ཞིང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་པ་དང་འཚོ་བའི་ཁུལ་ནང་ལས་བཟོའི་ཉལ་ཁང་དང་། ཟ་ཁང་། གློག་བརྙན་ཁང་། ལུས་རྩལ་ཁང་སོགས་སྒྲིག་བཀོད་ཚང་མ་འཛོམས་ཡོད་ལ་ལས་ཀར་འགྲོ་བ་དང་གྲོལ་སྐབས་ཀྱང་སྐྱེལ་མཁན་རླངས་འཁོར་ཡོད་ཅེས་བཤད།
         ལི་རུའེ་ཡིས“ངེད་ཚོའི་ཚོགས་ཆུང་དུ་ཕྱེད་ཀ་ཙམ་བུ་མོ་ཡིན་པ་དང་ཕལ་ཆེ་བ་སྣུམ་ཞིང་ལས་དོན་པ་མི་རབས་གསུམ་པ་ཡིན་ཞིང་། ལས་ཀ་བྱེད་སྐབས་ཚང་མ་མོ་ཁྱོ་ག་ཡིན་མོད། འོན་ཀྱང་ལས་ཀ་གྲོལ་རྗེས་ངེད་ཚོའང་ཁྲོམ་གཞུང་སྐོར་བ་དང་གྱོན་གོས་དང་བྱུག་རྫས་ཉོ་རྒྱུར་དགའ་པོ་ཡོད་ལ་གློག་བརྙན་ལྟ་རྒྱུར་ཡང་དགའ་པོ་ཡོད”ཅེས་བཤད།
         ལི་རུའེ་དང་འདྲ་བར་ལིའུ་མོང་ཧྲན་ལའང་མྱོང་ཚོར་དེ་ལྟར་ཡོད་ཅིང་། ཁོང་གིས“མ་གཞི་ངེད་ཚོའི་ལས་ཀའི་ཁོར་ཡུག་དཀའ་ཚེགས་ཧ་ཅང་ཆེ་མོད། དཀའ་ངལ་ལ་མི་སྐྲག་པའི་རྡོ་སྣུམ་གྱི་སྙིང་སྟོབས་ཡོད་དགོས། དེས་ན་ངེད་ཚོའི་འཚོ་བའི་གནས་བབ་ཀྱང་གཞོན་ནུ་གཞན་དང་ཁྱད་པར་གང་ཡང་མེད”ཅེས་བཤད། ཁོང་གི་ཕུགས་འདུན་ནི་ཕུལ་དུ་བྱུང་བའི་རྡོ་སྣུམ་བཟོ་པ་ཞིག་བྱ་རྒྱུ་དེ་ཡིན་པ་མ་ཟད། ད་དུང་དངུལ་མང་ཙམ་བསགས་ནས་ཁོམ་པ་བྱུང་ཚེ་ནང་མི་འཁྲིད་དེ་ཡུལ་སྐོར་དུ་འགྲོ་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།