འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱུགས་རྫི་བ་སྟག་འབྲུག་གི་ཕྱུགས་འཚོའི་ཐབས་མཆོག 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་06ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བྱང་ཐང་དུ་དཔྱིད་ཀ་ཤར་བས་སྐྱེ་དངོས་ཐམས་ཅད་སྐྱེ་སྟོབས་ཀྱི་དཔལ་འབར་འགོ་ཚུགས།
          བྱང་མ་གྲོང་རྡལ་དུ་སླེབས་མ་ཐག གསར་འགོད་པར་ལས་བརྩོན་ཞིང་ཕྱུག་འགྱུར་གྱི་འཇོན་ཐང་ཅན་གྱི་འབྲོག་པ་སྟག་འབྲུག་འཕྲད་བྱུང་།
          ཤ་རྩི་ནག་པ་དང་། ཤ་རིད་ཙམ་ཡོད་པ། ཉེ་སྒྲིབ་མིག་ཤེལ་ཞིག་བཏགས་ཏེ་ལུས་ལ་གཙང་ཞིང་གྲལ་སྒྲིག་པའི་ཕྱི་ལུགས་གྱོན་ཆས་ཤིག་གྱོན་པའི་སེམས་རྩ་འཁོལ་བའི་སྟག་འབྲུག་གིས་གསར་འགོད་པ་ཁྱིམ་དུ་གདན་དྲངས་ནས་ཇ་བསྲུབས་མ་བླུགས་པ་དང་དུས་མཚུངས“ཁྱེད་ཀྱིས་ངེད་ཁྱིམ་གྱི་ཇ་བསྲུབས་མའི་བྲོ་བ་ཞིག་གཟིགས་དང་། མར་དེ་ད་ནང་ཞོགས་པ་དཀྲོགས་པ་ཡིན། ཇ་ཡང་ཁ་སང་ཉོས་མ་ཐག་ཡིན། ད་ལྟ་འཚོ་བ་ཡག་ཏུ་སོང་བས་ང་ཡང་ཇ་ལ་དང་དོད་ཆེ་རུ་ཕྱིན་སོང”ཞེས་དགའ་ཚོར་ཆེན་པོས་བརྗོད།
          2014ལོའི་སྔོན་སྟག་འབྲུག་ཁྱིམ་གྱི་འཚོ་བ་ཧ་ཅང་སྐྱོ་པོ་ཡོད“སྐབས་དེ་དུས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཁྱིམ་ཚང་ཕྱུག་པོའི་ཕྱུགས་རྫི་བ་བྱེད་པ་དང་། ཁོམ་པ་ཡོད་དུས་ཉེ་འཁོར་དུ་གླ་པ་རྒྱུག་གི་ཡོད། ལོ་གཅིག་ལ་ཡོང་འབབ་སྒོར་3000ལས་ཡོང་གི་མེད་སྟབས་བཟའ་ཟླར་ཡང་ལོ་མང་རིང་གྱོན་གོས་གསར་པ་གཅིག་ཀྱང་ཉོ་མྱོང་མེད”ཅེས་སྟག་འབྲུག་གིས་བརྗོད།
          མ་གཞི་འཚོ་བ་དབུལ་པོ་ཡིན་མོད། འོན་ཀྱང་སེམས་ཤུགས་ཆེ་བའི་སྟག་འབྲུག་གིས་དཀའ་ལས་བརྒྱབ་ཐུབ་ན་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་ངེས་ཡིན་པ་དང་རང་ཉིད་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་བྱེད་མཁན་གྱི་བཟའ་ཟླ་བུ་ཕྲུག་ཀྱང་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་པ་རེད།
          སྟག་འབྲུག་ཁྱིམ་ཚང་གིས་དུས་རྒྱུན་གྲོང་ཚོའི་ཁྱིམ་ཚང་ཕྱུག་པོའི་ཕྱུགས་འཚོས་ནས་འཚོ་བ་འཕྱིད་ཐབས་བྱེད་པ་དང་། མ་གཞི་ཡོང་འབབ་ཕྲན་ཙམ་ལས་མེད་མོད། འོན་ཀྱང་སྦྱིན་བདག་ཁྱིམ་གྱི་ནོར་ལུག་རྣམས་རང་ཁྱིམ་གྱི་ནོར་ལུག་ལྟར་བརྩིས་ནས་འཚོ་གི་ཡོད། ལམ་ཐག་ཇི་ཙམ་རིང་ཡང་ཁོང་གིས་རྩྭ་ཆུ་བཟང་བའི་རྩྭ་ཐང་ཐོག་ལུག་འཚོ་བར་འགྲོ་བ་དང་། ད་དུང་དུས་ཚོད་གཏན་འཁེལ་གྱིས་སྦྱིན་བདག་གི་ནོར་ལུག་ལ་རིམས་འགོག་སྨན་ཁབ་དུས་ཐོག་ཏུ་རྒྱག་རྒྱུའི་དྲན་སྐུལ་བྱེད་ཀྱི་ཡོད། དུས་ཡུན་རིང་པོ་ཕྱུགས་འཚོ་རིང་ཁོང་ལ་ཕྱུགས་འཚོ་བའི་ཐབས་ཤེས་ཤིག་རྙེད་ཡོད།
         ལོ་གཅིག་སོང་རྗེས་ཁོང་གིས་འཚོས་པའི་ནོར་ལུག་རྣམས་གྲོང་ཚོའི་ནང་གི་འབྲོག་དུད་གཞན་ལས་ཤ་ཤེད་ཡག་པ་དང་ནོར་ལུག་ཤི་ཚད་ཀྱང་འབྲོག་དུད་གཞན་ལས་ཉུང་བ་ཡོད་པས་སྦྱིན་བདག་གིས་བསྟོད་བསྔགས་ཡང་སེ་གཏོང་གི་ཡོད། གྲོང་ཚོའི་ནང་སྟག་འབྲུག་ལ“ཕྱུགས་རྫི་བ་མཁས་ཅན”ཞེས་འབོད་པ་དང་རྟག་པར་མི་གཞན་གྱིས་ཁོང་གི་ས་ནས་ནོར་ལུག་འཚོ་སྟངས་སྦྱངས་ཀྱི་ཡོད།
         2017ལོའི་ལོ་འགོར་སྟག་འབྲུག་གིས་གསོ་ཚགས་ལག་རྩལ་ཡག་པོ་དང་དཀའ་སྤྱད་གཞུང་དྲང་གི་ཀུན་སྤྱོད་ལ་བརྟེན་པས་གྲོང་མི་ཚོས་གྲོང་ཚོ་མཉམ་སྡེབ་ཁང་གི་ལས་འཛིན་ཚོགས་པའི་ཁོངས་མི་དང་འབྲི་གཡག་རྒྱགས་གསོ་རྟེན་གཞིའི་གསོ་སྤེལ་མཁན་ལ་བདམས་པ་རེད། 2017ལོའི་ལོ་མཇུག་ཏུ་གྲོང་ཚོའི་འབྲི་གཡག་རྒྱགས་གསོ་རྟེན་གཞིའི་དེ་སྔའི་འབྲི་གཡག་130ཡོད་པ་ནས་189བར་འཕར་བ་དང་བེའུ་གསོན་ཚད་100%ཟིན་ཡོད། སྟག་འབྲུག་ཀྱང་བྱང་མ་གྲོང་རྡལ་གྲོང་ཚོ་དང་པོའི་མཉམ་ལས་ཁང་གི“ངལ་རྩོལ་གྲགས་ཅན་མི་སྣར”བདམས་ནས་ལོ་གཅིག་གི་ཐོབ་ཆ་བགོས་པ་དང་གཡོག་བྱེད་གླ་ཆ་ཁྱོན་བསྡོམས་སྒོར་ཁྲི་6.3ཟིན་གྱི་ཡོད་པ་རེད།
         སྟག་འབྲུག་ཁྱིམ་གྱི་རིན་ཐང་ཆེ་བའི་བོད་བཟོའི་ཁྱིམ་ཆས་དང་། སྒོ་ཁར་བཞག་པའི་ཕི་གཱ་རླངས་འཁོར་གསར་རྐྱང་དང་། ད་དུང་མཇུག་གྲངས་555ཡིན་པའི་ལག་ཐོགས་ཁ་པར་ཨང་གྲངས་བཅས་མཐོང་སྐབས་གསར་འགོད་པས་“ད་ཆ། ཁྱེད་རང་ལ་རླངས་འཁོར་དང་ཁང་པ་ཡོད་པ་དང་། ཁ་པར་ཨང་གྲངས་ཀྱང‘སྦྱིན་བདག་ཆེ་མོའི་ཨང་གྲངས་རང’རེད་འདུག”ཅེས་ཀུ་རེའི་ཚུལ་གྱིས་བཤད།
         སྟག་འབྲུག་གིས་གད་མོ་དགོད་ཀྱིན་ལག་པ་གཡུག་གཡུག་བྱས་ནས“མིག་སྔའི་འཚོ་བའི་ཆུ་ཚད་དེ་དངོས་གནས་ཀྱི་སྦྱིན་བདག་དང་བསྡུར་ན་ད་དུང་ཧེ་བག་ཆེན་པོ་ཡོད། འོན་ཀྱང་སྔོན་གྱི་རང་ཉིད་ཀྱི་འཚོ་བ་དང་བསྡུར་ན་དངོས་གནས་ལེགས་སུ་ཕྱིན་ཡོད”ཅེས་བཤད།
          “ཏང་ཡོན་ཞིག་གི་ངོས་ནས་ངས་ཏང་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་གསོ་ཚགས་ཉམས་མྱོང་དེ་གྲོང་མི་དེ་བས་མང་བར་བསླབས་ནས་གྲོང་མི་དེ་བས་མང་བ་ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོའི་འོག་རང་ཉིད་ཀྱི་དཀའ་སྤྱད་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་རྒྱུའི་སྣེ་ཁྲིད་བྱེད་ཀྱི་ཡིན”ཞེས་སྟག་འབྲུག་གིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།