འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།"མྱུར་པོ"དོན་གཉེར་ནས"སྤུས་ཚད་མཐོ་པོ"བརྩོན་ལེན་བྱེད་པའི་བར།

    —— ལྷོ་ནུབ་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལྔས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ལྟ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དེ་སྔོན་ལོ་ཁ་ཤས་གོང“གོམ་ཆེན་མྱུར་བགྲོད”བྱེད་པ་དང་བསྡུར་ན་འདི་ལོ་དུས་ཚིགས་དང་པོར་ལྷོ་ནུབ་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལྔའི་དཔལ་འབྱོར་འཕར་ཚད་ཅུང་འགོར་དུ་ཕྱིན་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ནས་སྒོ་དབྱེ་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་བྱུང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྩོན་ལེན་བྱ་རྒྱུ་དམིགས་ཚད་དུ་འཛིན་པའི་བསམ་ཕྱོགས་རིམ་གྱིས་ཁ་གསལ་དུ་སོང་ཡོད། “མྱུར་པོ”དོན་གཉེར་ནས“སྤུས་ཚད་མཐོ་པོ”བརྩོན་ལེན་བྱེད་པ་དེ་ལས་ལྷོ་ནུབ་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་སྟངས་གསར་པ་མངོན་ཡོད།
         འཕར་ཚད་ཆག་པའི་གནོན་ཤུགས་བསལ་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
         འདི་ལོའི་དུས་ཚིགས་དང་པོར་སི་ཁྲོན་གྱི་དཔལ་འབྱོར་འཕར་ཚད་དུས་མཚུངས་དང་དོ་མཉམ་བྱུང་བ་ཕུད། ཀུའེ་ཀྲོའུ་དང་། བོད་ལྗོངས། ཡུན་ནན་བཅས་ཀྱི་དཔལ་འབྱོར་འཕར་ཚད་ཅུང་ཆག་པ་དང་། ད་དུང་ཁྲུང་ཆིང་གི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་གྲངས་3.5ནས་7%བར་ཆག་ཡོད།
         གསར་འགོད་པས་བཅར་འདྲི་བྱས་རྗེས་ཤེས་རྟོགས་བྱུང་བར། ལྷོ་ནུབ་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལྔའི་དཔལ་འབྱོར་འཕར་ཚད་སྤྱི་ཡོངས་ནས་འགོར་དུ་ཕྱིན་པ་དང་། དེ་ནི་གཙོ་བོ་སྲོལ་རྒྱུན་ཐོན་ལས་ཀྱི“འདེགས་སྐྱོར་ནུས་པ”ཅུང་ཞན་དུ་ཕྱིན་པ་ལས་བྱུང་ཞིང་། དཔེར་ན། དུས་ཚིགས་དང་པོར་ཁྲུང་ཆིང་རླངས་འཁོར་ཐོན་ལས་ཀྱི་འཕར་ཐང་དུས་མཚུངས་ལས་འཕར་ཚད-10.4%ཟིན་པ་དང་། སི་ཁྲོན་རླངས་འཁོར་ཐོན་ལས་ཀྱི་འཕར་ཐང་འཕར་ཚད་ཀྱང་4.7%བར་ཆག་ཡོད། དེ་དང་ཆབས་ཅིག་ངར་ལྕགས་དང་རྡོ་སོལ་སོགས་གཙོ་གནད་ལས་རིགས་ཀྱིས“ཐོན་ནུས་གཅོག་པར”སྐུལ་འདེད་ཧུར་ཐག་བཏང་བ་དེས་ཀྱང་ཞོར་དུ་དཔལ་འབྱོར་འཕར་ཚད་འགོར་དུ་ཕྱིན་ཡོད།
         སྔར་བཞིན་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ལྷོ་ནུབ་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལྔའི་ངོས་ནས་བརྗོད་ན། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་རྗེས་མཐུད་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པའི་འགག་རྩ་ཡིན་ཞིང་། དེའི་ཁྲོད། མ་འཇོག་དང་ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། དུས་ཚིགས་དང་པོར་བོད་ཀྱི་མ་འཇོག་འཕར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.9ནས་29%བར་འཕར་བ་དང་། ཀུའེ་ཀྲོའུ་དང་། ཡུན་ནན། སི་ཁྲོན་བཅས་ཀྱི་མ་འཇོག་འཕར་ཚད་ཀྱང་17.8%དང་། 14.4% 11.3%བཅས་སོ་སོར་ཟིན་ཡོད།
         ཟླ་4ཚེས་18ཉིན་ཚོད་ལྟའི་མེ་འཁོར་ཞིག་ཡུན་ནན་ཞིང་ཆེན་ཁྲུའུ་ཞུང་ཀྲོའུ་ནས་ཐོན་ཏེ་ཏ་ལི་རུ་བསྐྱོད་འགོ་ཚུགས་པ་དེ་ནས་བཟུང་ཁུན་མིང་ནས་ཏ་ལི་བར་ཤུགས་འགྲེམས་མེ་འཁོར་གཏོང་འགོ་ཚུགས་རྒྱུའི་དུས་ཚོད་འཆར་ལ་ཉེ་བ་མཚོན་པ་དང་། ལམ་རྒྱུད་ཧྲིལ་པོར་ཤར་གཏོང་སྐྱེལ་འདྲེན་བྱས་རྗེས་ཁུན་མིང་ནས་ཏ་ལི་བར་གྱི་ལྕགས་ལམ་སྐྱེལ་འདྲེན་དུས་ཚོད་ཆུ་ཚོད་གཉིས་ཙམ་ལས་འགོར་གྱི་མེད་པས། ས་གནས་དེ་གའི་ཡུལ་སྐོར་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།
         གསར་དར་ཐོན་ལས་ལ་དམ་འཛིན་ལྷོད་མེད་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་བཏང་བ།
         ཟླ་4ཚེས་19ཉིན་ལྗིད་ཚད་ཏུན་280ཟིན་པའི་དམའ་གནོན་འཁོར་ཆས་གཉིས་ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་ཚད་ཡོད་ཀུང་སི་ནས་ཧྥུའུ་ཅན་ཧྥུའུ་ཆིང་དུ་དབོར་འགོ་ཚུགས་པ་དེ་ལས“ཧྭ་ལུང་ཨང་དང་པོའི”རླངས་སྒུལ་འཕྲུལ་འཁོར་གྱི་འཕྲུལ་འཁོར་གཙོ་བོའི་ལྷུ་ལག་དང་པོ་དེ་ཞིབ་བཟོ་ཆ་ཚང་ཚར་བ་མཚོན་ཡོད། ཤར་ཕྱོགས་རླངས་སྒུལ་འཕྲུལ་འཁོར་ཚད་ཡོད་ཀུང་སིས་ཞིབ་སྤེལ་བྱེད་རིང་། འཕྲུལ་འཁོར་གྱི་སྒྲོ་གཤོག་རིང་ཤོས་བཟོ་བ་དང་ཉིང་རྡུལ་གློག་གི་འཁོར་ཆས་ལྕི་ཤོས་ཚ་ལ་རྒྱག་པ་སོགས་འཛམ་གླིང་རིམ་པའི་ཞིབ་བཟོའི་དཀའ་གནད་བསལ་ཏེ་ལས་རིགས་ནང་ཁུལ་གྱི“ཨང་དང་པོ”དང“ཆེ་ཤོས”མང་པོ་ཞིག་བཏོད་ཡོད།
         སི་ཁྲོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་ཞུང་ཅན་ཀྲུང་གིས་ཐོན་ལས་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ལས་དཔལ་འབྱོར་མྱུར་པོ་འཕར་བའི་སྒུལ་ནུས་གསར་པ་མགྱོགས་མྱུར་གཅིག་སྡུད་ཐུབ་ཅིང་། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་འཕར་ཐང་11.9%འཕར་བའི་ཁྲོད། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་བཟོ་སྐྲུན་གྱི་འཕར་ཐང་22.4%འཕར་བ། དཔྱད་ཆས་དང་ཡོ་བྱད་བཟོ་སྐྲུན་གྱི་འཕར་ཐང་19.4%འཕར་བ། གྲོང་ཁྱེར་གྱི་ལྕགས་ལམ་འཁོར་རིགས་ཐོན་འབོར་ལྡབ་2.4མང་དུ་ཕྱིན་པ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་འབོར་ལྡབ་2.1འཕར་བ་སོགས་སོ།
         རླངས་འཁོར་ཐོན་ལས་ནི་ཁྲུང་ཆིང་གི་ལྟེ་བའི་ཀ་རྟེན་ཐོན་ལས་ཤིག་ཡིན་མོད། འོན་ཀྱང་ན་ནིང་ཚུན་གྲོང་ཁྱེར་ཡོངས་ཀྱི་རླངས་འཁོར་གྱི་ཐོན་འབོར་དང་། འཕར་ཐང་། ཁེ་བཟང་སོགས་ཚང་མ་འཕར་ཚད་ཆག་ནས། ས་གནས་ཀྱི་དཔལ་འབྱོར་འཕར་བར་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁྲུང་ཆིང་ལི་ཧྥན་ཁེ་ལས་ཚོགས་པའི་ཙུང་ཚའེ་མཱ་ཁོ་ཡིས་གསར་འགོད་པར། ངེད་ཀུང་སི་དང་པའེ་ཏུའུ་ཀུང་སིས་མཉམ་དུ་ཞིབ་བཟོ་བྱས་པའི་མི་མེད་སྒུལ་ནུས་གསར་པའི་མཉམ་སྤྱོད་རླངས་འཁོར་མི་རིང་བར་འདོན་རྒྱུ་ཡིན། ང་ཚོས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་པའི་རང་འགུལ་ངང་ཁ་ལོ་སྒྱུར་བ་དང་ནུས་རྒྱུ་གསར་པར་དམིགས་ཏེ་ལས་ཀ་གྲུབ་འབྲས་ཐོབ་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཚིགས་དང་པོར་ཁྲུང་ཆིང་གི་འཐབ་ཇུས་རང་བཞིན་གྱི་གསར་དར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་21.7%འཕར་བ་དང་། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད140.6%ཟིན་པའི་ཁྲོད། རབས་གསར་པའི་ཆ་འཕྲིན་ལག་རྩལ་ཐོན་ལས་དང་།
         རྩེར་སོན་སྒྲིག་ཆས། ནུས་རྒྱུ་གསར་པའི་རླངས་འཁོར་བཅས་ཀྱི་འཕར་ཐང་32.2%དང་། 25.2% 29.7%བཅས་སོ་སོར་འཕར་ཡོད། དེ་དང་ཆབས་ཅིག་ཁྲུང་ཆིང་གིས་གྲངས་གཞི་ཆེན་པོའི་རིག་ནུས་ཅན་ཁྲིད་སྟོན་དུ་བྱས་པའི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། སྔ་རྗེས་སུ་BATསོགས་དྲ་སྦྲེལ་ཁེ་ལས་ཆེན་པོ་དང་། ཅིང་ཏུང་ཧྥང་དང་ཆིང་ཧྭ་ཙེ་ཀོང་སོགས་ལས་རིགས་ཀྱི་སྣེ་ཁྲིད་མཁན་ནང་འདྲེན་བྱས་ཏེ་ཐོན་ལས་རིག་ནུས་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ཡོད།
         ཕྱི་ཕྱོགས་ལ་སྒོ་དབྱེ་བྱེད་ཟབ་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་བཏང་བ།
         ཟླ་4ཚེས་20ཉིན་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ནས་ཐོན་པའི་གློག་རྡུལ་ཐོན་རྫས་ཁག་གཅིག་ཁྲུང་ཆིང་ལྕགས་ལམ་གྱི་དཔྱ་ཁྲལ་ཆག་ཡང་ཁུལ་གྱི་ཟོག་འགྲེམས་ལྟེ་གནས་ནས་འགག་སྒོའི་འགྲོ་ལུགས་གཉེར་བ་མ་ཟད། ཉིན་དེ་རང་ལ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཁྲུང་ཆིང)ལ་བླུགས་ཏེ་ཕོ་ལན་དུ་བཏང་ཡོད། དེ་ལས་ཀྲུང་གོ་དང་སིང་ཀ་ཕོར་ཕན་ཚུན་འབྲེལ་མཐུད་ཀྱི་བགྲོད་ལམ་ལྷོ་མ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འབྲེལ་མཐུད་ཡག་པོ་བྱུང་ནས་ཨེ་ཤེ་ཡ་ཤར་ལྷོ་དང་ཡོ་རོབ་དབར་གྱི་ཟོག་སྐྱེལ་དུས་ཡུན་སྔོན་མ་ཉིན་40འགོར་བ་ནས་ད་ཆ་ཉིན་20ལས་འགོར་གྱི་མེད་པ་མ་ཟད། ཁྲུང་ཆིང་གི་བརྒྱུད་སྐྱེལ་ཉོ་ཚོང་ལ་བགྲོད་ལམ་དང་ལས་སྟེགས་གཞན་ཞིག་བཏོད་ཡོད།
         དུས་ཡུན་རིང་པོའི་ནང་ལྷོ་ནུབ་ས་ཁུལ་ནི་སྒོ་དབྱེའི“རྒྱབ་ཕྱོགས་ཆེ་མོར”བརྩི་བཞིན་ཡོད་ཀྱང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་དང་། བགྲོད་ལམ་ལྷོ་མ་སོགས་མགྱོགས་མྱུར་རྒྱ་སྟོབས་ཆེ་རུ་ཕྱིན་པའི་ཁར། འབྲི་ཆུའི་ཆུ་ལམ་རྩེ་གྲ་དང་ཁྲུང་ཆིང་ནས་ཉིང་པོ་བར་གྱི་ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་སོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ལྷོ་ནུབ་ས་ཁུལ་རིམ་བཞིན་སྒོ་དབྱེའི“མདུན་གྲལ”དུ་སླེབས་བཞིན་ཡོད་ཅིང་། འདི་ལོའི་དུས་ཚིགས་དང་པོར་ཀུའེ་ཀྲོའུ་དང་། སི་ཁྲོན། ཁྲུང་ཆིང་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་49.7%དང་། 25.7% 9.3%བཅས་སོ་སོར་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།