འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་བོད་རིགས་ས་ཁུལ་དུ་མ་འོངས་པའི་ལོ་གཉིས་རིང་གཞུང་ལམ་སྤྱི་ལེ་
    5498གསར་སྐྲུན་དང་ཉམས་བཟོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གིས་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་2019ལོ་ནས་2020ལོ་བར་གྱི་འགྲིམ་འགྲུལ་འཛུགས་སྐྲུན་སྐུལ་སྤེལ་ཇུས་གཞི་》པར་འགྲེམས་བྱ་རྒྱུར་ཆོག་མཆན་སྤྲད་པ་རེད། ཇུས་གཞི་དེའི་ནང“2+20”ཡི་མ་ལམ་རྣམ་གྲངས་གཙོ་གནད་དུ་བྱས་ཏེ་དཀར་མཛེས་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ། གྲོང་གསེབ་གཞུང་ལམ། སྐྱེལ་འདྲེན་བབས་ཚུགས་སོགས་འཛུགས་སྐྲུན་མགྱོགས་སུ་ནུས་ལྡན་བཏང་སྟེ་གཞུང་ལམ་སྤྱི་ལེ་5498གསར་སྐྲུན་དང་ཉམས་བཟོ་བརྩོན་ལེན་བྱ་རྒྱུར་མ་དངུལ་སྒོར་དུང་ཕྱུར་214གཏོང་རྩིས་ཡོད་པ་རེད།
         དཀར་མཛེས་ཁུལ་ནི་སི་ཁྲོན་བོད་རིགས་ས་ཁུལ་གྱི་གྲུབ་ཆ་ཆེ་ཤོས་ཤིག་ཡིན་ཞིང་། རྗེས་སུ་ཅུང་ལུས་པའི་འགྲིམ་འགྲུལ་གྱི་གནས་ཚུལ་ནི་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྤྱི་ཚོགས་ཡུན་རིང་བདེ་འཁོད་བཅས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཆེ་ཤོས་ཤིག་རེད། 2009ལོ་ནས་བཟུང་སི་ཁྲོན་གྱིས་སྔ་རྗེས་སུ་དཀར་མཛེས་ཀྲོའུ་ཡི་འགྲིམ་འགྲུལ་ཆེད་དོན་སྐུལ་སྤེལ་ཇུས་གཞི་ཐེངས་གསུམ་བཟོས་ཏེ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཞན་ཆ་ཧུར་ཐག་གསབ་ཡོད། ད་ཐེངས་བཟོས་པའི“དཀར་མཛེས་ཀྱི་སྐུལ་སྤེལ་ཇུས་གཞི་ཐེངས་བཞི་པས”དཀར་མཛེས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྒུལ་ནུས་གསར་པ་བསྣན་རྒྱུ་རེད།
         ཇུས་གཞི་ལྟར་ན། མྱུར་བགྲོད་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་51.3བཏང་ནས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཕྱོགས་ཡོངས་ནས་བསྐྲུན་ཏེ་དར་མདོ་ནས་ས་ཁོངས་སྒྲོལ་བའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུ་དང་། ལུའུ་ཏིང་ལྕགས་ཟམ་ཁ་ནས་ཧྲེ་མན་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་པ་དང་། 
         དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དང་ཁྲོན་བོད་མྱུར་བགྲོད་གཞུང་ལམ་གྱི་ཇུས་གཞི་ཞིབ་འཇུག་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད།
         རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་ལ་མ་དངུལ་སྒོར་དུང་ཕྱུར་128བཏང་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་རིམ་སྤོར་དང་། ཁུལ་ནས་ཐོན་པའི་སྐྱེལ་འདྲེན་མ་ལམ། ཁུལ་དང་རྫོང་དབར་དང་རྫོང་ནས་རྫོང་དབར་སྦྲེལ་མཐུད་ཐུབ་པའི་གཞུང་ལམ་བཅས་གཙོ་བོར་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དཀྱུས་མའི་རྣམ་གྲངས་ཁག་གཅིག་ལས་འགོ་འཛུགས་རྩིས་ཡོད་ཅིང་། འཆར་འགོད་ནང་རྣམ་གྲངས་20དང་སྤྱི་ལེ་1567ལག་ལེན་བསྟར་རྒྱུ་ཡིན་པར་སྤྱི་ལེ་1079སྐྲུན་ཐུབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཇུས་གཞི་དེ་ལག་ལེན་བསྟར་རྗེས། 2020ལོར་སླེབས་སྐབས་དཀར་མཛེས་ཁུལ་དུ་སི་ཁྲོན་གྱི་ནུབ་བྱང་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ས་ཁུལ་གྱི་ས་ཁོངས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་རགས་ཙམ་བསྐྲུན་ནས་སི་ཁྲོན་ནས་ཐོན་པའི་གཞུང་ལམ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་སུ་འགྲིམ་འགྲུལ་ཤར་བགྲོད་ཐུབ་པའི་འགན་ལེན་ནུས་པ་ཆེ་རུ་ཤུགས་ཆེན་བཏང་སྟེ་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་འགག་སྒྲོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།