འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཁུལ་ལྡན་ར་ལ་ཁག་ཐེངས་གཅིག་ཏུ་རེའུ་མང་པོ་སྐྱེ་བའི་ཟིན་ཐོ་ལས་ཐོག་མར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་03ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི“ཁྱད་ལྡན་སྒོ་ཕྱུགས་འདེམས་གསོ་དང་སྐྱོན་བྲལ་གསོ་ཚགས”སོགས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་གྱི་རྒྱབ་སྐྱོར་འོག ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་སུའོ་ཡི་ཁུལ་ལྡན་རའི་གསར་གཏོད་ཚོགས་པས་ལྷ་ས་གྲོང་ཁྱེར་ཆོས་ཉིད་འཕགས་ཁུལ་ལྡན་རའི་ཕྱོགས་བསྡུས་ཚོད་ལྟའི་རྟེན་གཞིར་ཁུལ་ལྡན་ར་ལ་རེའུ་ཡང་སེ་སྐྱེ་བའི་ཕྱོགས་བསྡུས་ལག་རྩལ་ཞིབ་འཇུག་བྱས་པ་དང་། བོད་དུ་ཁུལ་ལྡན་ར་ལ་ཁག་ཐེངས་གཅིག་ཏུ་རེའུ་མང་པོ་སྐྱེ་བའི་ཟིན་ཐོ་ལས་ཐོག་མར་བརྒལ་ནས་ཚད་བརྒལ་གལ་ཆེན་བྱུང་ཡོད་པ་རེད།
         གྲུབ་འབྲས་དེས་བོད་ནུབ་བྱང་གི་ཁུལ་ལྡན་ར་ཕྱེད་ལག་གསོས་དེ་གཞི་ཁྱོན་ཅན་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཕྱུགས་འཕྲི་ཕན་འཕར་ཡོང་བ་བྱེད་པ། བོད་ནུབ་བྱང་གི་སྣོད་བཅུད་ཁོར་ཡུག་གི་གནོན་ཤུགས་སྔར་བས་ཞི་ལྷོད་དུ་གཏོང་བ་བཅས་བྱ་ཆེད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་མ་ཟད། བོད་ནུབ་བྱང་གི་ཁུལ་ལྡན་རའི་ཁྱད་ལྡན་ཐོན་ཁུངས་བོད་ཀྱི་ཞིང་ལས་ཁུལ་དང་ས་མ་འབྲོག་ཁུལ་གཙོ་བོར་ཚད་ལྡན་ཅན་དང་ལེགས་བསྡུས་ཅན་གྱི་སྒོ་ནས་གསོ་ཚགས་བྱེད་པ་དང་། ཁུལ་ལྡན་རའི་ཐོན་ལས་ཧྲིལ་པོའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་ར་མོའི་དྲུས་རྩ་ལངས་པའི་དུས་ཚོད་འཛིན་བྱེད་པ་དང་། གཅིག་སྡུད་ཐོག་མི་ཐབས་ལ་བརྟེན་ནས་རེའུ་འཁོར་ཐབས་བྱེད་པ། རེའུ་འཁོར་རྗེས་བརྟག་དཔྱད་བྱེད་པ། རེའུ་འོ་ཐག་གཅོད་པ། སྤུས་ལེགས་གཟན་ཆག་གིས་གསོ་ཚགས་སོགས་ཆ་ལག་ཚང་བའི་ལག་རྩལ་སྤྱད་པ་དང་། 2017ལོའི་ཟླ་7པར་ར་མ་88ལ་ལག་རྩལ་དེ་སྤྱད་པས་ལོ་དེའི་ཟླ་12ཀྱི་ཟླ་མཇུག་ཏུ་ར་མ་ཁག་གཅིག་ལ་རེའུ་སྐྱེ་འགོ་ཚུགས་པ་ནས་ད་བར་ཁྱོན་རེའུ་129སྐྱེས་པ་དང་རེའུ་མཚེས་མ་སྐྱེ་ཚད་71%ཡན་ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།