འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནུབ་རྒྱུད་ཞིང་ཆེན་བཅུས་ལྷོ་ཕྱོགས་བགྲོད་ལམ་མཉམ་དུ་བསྐྲུན་རྒྱུའི“ཁྲུང་ཆིང་
    གྲོས་འགོ”ཐུན་མོང་ཐོག་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་སོགས་ནུབ་རྒྱུད་ཞིང་ཆེན་བཅུས་ཀྲུང་སིང་མཉམ་འབྲེལ་འབྲེལ་མཐུད་རྣམ་གྲངས་ཀྱི་ལྷོ་ཕྱོགས་ཤར་བགྲོད་མཉམ་དུ་བསྐྲུན་རྒྱུའི“ཁྲུང་ཆིང་གྲོས་འགོ”ཐུན་མོང་ཐོག་བཏོན་ཐོག་མཐུན་སྦྱོར་ལ་ཤུགས་སྣོན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ལྷོ་ཕྱོགས་བགྲོད་ལམ་ཡག་པོ་བསྐྲུན་ནས་རང་རྒྱལ་དུ“སྐམ་མཚོའི་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་རོགས་རམ”གྱི་སྒོ་དབྱེ་ཆགས་སྟངས་གྲུབ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་རེད།
         ཀྲུང་སིང་(ཁྲུང་ཆིང་)འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་འབྲེལ་མཐུད་དཔེ་སྟོན་རྣམ་གྲངས་ནི་ཀྲུང་གོ་དང་སིང་ཀ་ཕོར་གྱི་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་ཨང་གསུམ་པ་དེ་ཡིན། ལྷོ་ཕྱོགས་བགྲོད་ལམ་ནི་རྣམ་གྲངས་དེའི་སྒྲོམ་གཞིའི་འོག་རང་རྒྱལ་གྱི་ནུབ་རྒྱུད་འབྲེལ་ཡོད་ཞིང་ཆེན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་མཉམ་ལས་བྱས་ནས་བསྐྲུན་པའི་རྒྱལ་སྤྱིའི་ཚོང་དོན་ཟོག་འགྲེམས་བགྲོད་ལམ་ཞིག་ཡིན།
         ངོ་སྤྲོད་བྱས་པར་གཞིགས་ན། བགྲོད་ལམ་དེར་ལྕགས་ལམ་དང་། གཞུང་ལམ། མཚོ་ཐོག་སྐྱེལ་འདྲེན་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་སྤྱད་དེ་ཁྲུང་ཆིང་ནས་ནུབ་ཀྱི་ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་ཀོང་ཤིས་བྱང་རྒྱུད་མཚོ་ཁུག་སོགས་མཚོ་རྒྱུད་དང་མཐའ་མཚམས་འགག་སྒོ་བརྒྱུད་དེ་སིང་ཀ་ཕོར་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཟོག་འགྲེམས་མཚམས་ཚིགས་གཙོ་བོར་འབྱོར་གྱི་ཡོད། བྱང་རྒྱུད་ཀྱི་ལན་ཡུས་ལྕགས་ལམ་དང་དེ་བཞིན་ཀན་སུའུ་ཡི་ཟོག་འགྲེམས་མཚམས་ཚིགས་གཙོ་བོ་བརྒྱུད་དེ་ཨེ་ཤེ་ཡའི་དབུས་རྒྱུད་དང་། ཨེ་ཤེ་ཡ་ལྷོ་མ། ཡོ་རོབ་སོགས་ས་ཆར་འབྱོར་གྱི་ཡོད།
         ན་ནིང་གི་ཟླ་8ཚེས་31ཉིན། ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་བཅས་ཞིང་ཆེན་བཞིས་《ཀྲུང་སིང་མཉམ་འབྲེལ་སྦྲེལ་མཐུད་རྣམ་གྲངས་ཀྱི་ལྷོ་ཕྱོགས་བགྲོད་ལམ་མཉམ་སྐྲུན་བྱ་རྒྱུའི་སྐོར་གྱི་སྒྲོམ་གཞིའི་གྲོས་མཐུན་》ལ་མིང་རྟགས་བཀོད་དེ་ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་བཅས་ཀྱིས་ལྷོ་ཕྱོགས་བགྲོད་ལམ་མཉམ་སྐྲུན་གྱི་ཞིང་ཆེན་རིམ་པའི་མཐུན་སྦྱོར་ལམ་སྲོལ་དངོས་སུ་བཙུགས་པ་རེད།
         ཚེས་20ཉིན་ཀྲུང་སིང་མཉམ་འབྲེལ་འབྲེལ་མཐུད་རྣམ་གྲངས་ཀྱི་ལྷོ་ཕྱོགས་བགྲོད་ལམ་གྱི་2018ལོའི་ཀྲུང་གོ་ཕྱོགས་ཀྱི་མཉམ་ཞུགས་ཚོགས་འདུ་ཁྲུང་ཆིང་དུ་འཚོགས་པ་དང་ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་བཅས་ཞིང་ཆེན་བཞིས་ནང་སོག་དང་། སི་ཁྲོན། ཡུན་ནན། ཧྲའན་ཤིས། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན་6གདན་ཞུ་བྱས་ཏེ་ལྷོ་ཕྱོགས་བགྲོད་ལམ་སྔར་བས་མཉམ་དུ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་དང་འབྲེལ“ཁྲུང་ཆིང་གྲོས་འགོ”ཡང་བཏོན་པ་རེད།
         “ཁྲུང་ཆིང་གྲོས་འགོའི”ནང“ལྷོ་ཕྱོགས་བགྲོད་ལམ”དེ་གཉེར་སྐྱོང་གི་གྲུབ་ཆ་གཙོ་བོར་ཁྲོམ་རའི་འགྲན་ནུས་ཡོད་པ་དང་། ཟོག་ཁུངས་རྩ་འཛུགས་ལ་འགན་ལེན་ནུས་ལྡན་ཡོད་པ། ཚོང་ཟོག་འདྲེན་གཏོང་སྤྱིའི་ཆ་ནས་དོ་སྙོམས་པ། སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཕན་ཚུན་གསབ་རེས། རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་བཅས་ཀྱི་མཉམ་འདུས་ཅན་གྱི་རྒྱལ་སྤྱིའི་ཉོ་ཚོང་བགྲོད་ལམ་བསྐྲུན་རྒྱུར་གཞོལ་ནས་ལམ་རྒྱུད་ཞིང་ཆེན་ལྷོ་ཕྱོགས་བགྲོད་ལམ་གྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།