འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོའི་མཛའ་གྲོགས་དང་རོགས་རམ་ནམ་ཡང་བརྗེད་མི་སྲིད"

    —— ཀྲུང་གོས་ལེ་པ་ནོན་དུ་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་བར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལེགས་པར་བསྒྲུབས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་སྤྱོད་ཡུལ་གཏན་འཁེལ་གྱི་མ་དངུལ་རོགས་སྐྱོར་རྣམ་གྲངས་ལེགས་གྲུབ་ཟིན་པར་མིང་རྟགས་འགོད་པའི་མཛད་སྒོ་ལེ་པ་ནོན་དུ་བཅའ་སྡོད་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལས་ཚབ་ཁང་གནས་ཡུལ་དུ་འཚོགས་པ་རེད། ད་རེས་རྣམ་གྲངས་ཀྱི་དམིགས་ཡུལ་ནི། ལེན་པ་ནོན་དུ་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་བར་རོགས་པ་བྱ་རྒྱུ་དེ་ཡིན་པ་རེད། ལེ་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཁེ་ཅན་དང་ལེ་པ་ནོན་དུ་བཅའ་སྡོད་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་འཐུས་མི་ཐ་ཉི་ཡ་·ཧྲ་ཕི་ས་གཉིས་པོས་ཀྲུང་གོ་སྲིད་གཞུང་དང་བྱིས་པའི་ཐེབས་རྩ་ལྷན་ཚོགས་སོ་སོའི་ཚབ་བྱས་ནས་འབྲེལ་ཡོད་ཡིག་ཆར་མིང་རྟགས་བཀོད་པ་རེད།
         རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག ཧྲ་ཕི་སས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐེབས་རྩ་ལྷན་ཚོགས་ལ་རོགས་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་གནང་བ་ནི་དུས་ལ་འཁེལ་བ་དང་ཕན་ནུས་ལྡན་པ་ཞིག་རེད་ཅེས་དང་། ཡང་ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་སྒོར་ཁྲི་100བཏང་ནས་སི་རི་ཡའི་བྱིས་པ་སྐྱབས་བཅོལ་བ་ཁྲི་8ལ་རོགས་པ་བྱས་ཏེ་ཁོང་ཚོར་ཡིག་ཆས་སྤྲད་པ་མ་ཟད། ལེ་པ་ནོན་གྱི་དཀའ་ངལ་ཆེ་ཤོས་ས་ཁུལ་དུ་ཡོད་པའི་སི་རི་ཡའི་བྱིས་པ་སྐྱབས་བཅོལ་བ་600ལྷག་ལ་དགུན་ཆས་ཉོས་ནས་སྤྲད་ཡོད། ཕྱིས་འབྱུང་ཀྲུང་གོ་སྲིད་གཞུང་དང་མུ་མཐུད་མཉམ་ལས་བྱས་ནས་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་མ་གཏོང་འདོད་ཡོད་ཅེས་བརྗོད།
         ཝང་ཁེ་ཅན་གྱིས་གཏམ་བཤད་གནང་སྐབས། 2017ལོར་ཀྲུང་གོ་སྲིད་གཞུང་གིས་ལེ་པ་ནོན་དུ་ཡོད་པའི་སི་རི་ཡའི་བྱིས་པ་སྐྱབས་བཅོལ་བར་དགུན་ཆས་དང་ཡིག་ཆས་སྤྲད་ཡོད། རྣམ་གྲངས་དེ་ནི་ཀྲུང་གོའི་འགོ་ཁྲིད་པས་ཁས་ལེན་ཞུས་པ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱི་རོགས་སྐྱོར་དེས་ལེ་པ་ནོན་དུ་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་བའི་གནས་སྟངས་ཅུང་ལེགས་སུ་འགྲོ་རྒྱུར་ཕན་པ་བྱུང་ཡོད། སྔར་ནས་ད་བར་ཀྲུང་གོ་སྲིད་གཞུང་གིས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་མཉམ་ལས་ཡག་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་སྐྱབས་བཅོལ་བའི་མི་ཆོས་གནས་སྟངས་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་སི་རི་ཡའི་དཀའ་རྙོག་དེ་སྔ་ཙམ་ཆབ་སྲིད་ཐོག་ནས་ཐག་གཅོད་ཡོང་བར་སྐུལ་མ་གཏོང་ཆེད་འབད་པ་ལྷོད་མེད་བྱ་འདོད་ཡོད་ཅེས་བརྗོད།
         2011ལོའི་ཟླ་3པར། སི་རི་ཡའི་ཉམས་ཉེན་བྱུང་ཚུན་ལེ་པ་ནོན་དུ་ཡོང་བའི་སི་རི་ཡའི་བྱིས་པ་སྐྱབས་བཅོལ་བའི་མི་གྲངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། 2017ལོའི་ཟླ་2པར་ཀྲུང་གོ་སྲིད་གཞུང་གིས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་རོགས་སྐྱོར་གྲོས་མཐུན་བཞག་པ་དང་དེའི་དམིགས་ཡུལ་ནི་ལེ་པ་ནོན་དུ་ཡོད་པའི་སི་རི་ཡའི་སྐྱབས་བཅོལ་བར་རོགས་རམ་བྱ་རྒྱུ་དེ་རེད། 2016ལོའི་ཟླ་9པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ཚོགས་འདུའི་ཐོག་ཀྲུང་གོ་སྲིད་གཞུང་གིས་འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་ཨ་སྒོར་དུང་ཕྱུར་1ལོན་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་ཞུས་ཡོད།
         སི་རི་ཡའི་རྒྱལ་ནང་གི་ཆབ་སྲིད་དཔྱད་གཏམ་པ་ཨོ་མཱའར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར“ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་དཀའ་རྙོག་ཐད་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་གཞུང་དྲང་གི་ལངས་ཕྱོགས་འཛིན་པ་དང་ཆབས་ཅིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱས་ནས་སི་རི་ཡར་སྨན་བཅོས་དང་། སློབ་གསོ། འབྲུ་རིགས། རྩིས་འཁོར་སོགས་ཐད་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྣ་ཚོགས་བྱས་ཏེ་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་འགན་འཁྲི་འཁུར་བ་གང་ལེགས་མཚོན་པར་བྱས་པས་སི་རི་ཡའི་ལས་རིགས་ཁག་གིས་ཀྲུང་གོའི་མཛའ་གྲོགས་དང་རོགས་རམ་ནམ་ཡང་བརྗེད་མི་སྲིད”ཅེས་བརྗོད་པ་རེད། སི་རི་ཡར་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ་ལི་ཤའོ་ཡིས།
      

    ཕྱོགས་བསྡུས་གསར་འགྱུར།