འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལྷོ་སྣེའི་བརྟག་ཞིབ་ཐེངས་34པར་གྲུབ་འབྲས་ཆེན་པོ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་21ཉིན། ཀྲུང་གོའི་ལྷོ་སྣེའི་བརྟག་ཞིབ་རུ་ཁག་ཐེངས་34པས(གཤམ་དུ་བརྟག་ཞིབ་རུ་ཁག་ཅེས་བསྡུ་རྒྱུ)དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་བརྟག་ཞིབ་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་རྗེས་བདེ་བླག་ངང་ཧྲང་ཧའེ་རུ་ཕྱིར་ལོག་བྱས་པ་རེད། བརྟག་ཞིབ་རུ་ཁག་དེ་ནི“གངས་འབྲུག”རྟགས་ཅན་གྱི་གྲུ་གཟིངས་དང་། ལྕགས་རི་རིང་པོ་ས་ཚིགས། ཀྲུང་ཧྲན་ས་ཚིགས། དབུས་རྒྱུད་སྐམ་སའི་རུ་ཁག རྒྱ་མཚོ་ཆེན་པོའི་རུ་ཁག མཁའ་འགྲུལ་རྟོག་ཞིབ་རུ་ཁག ཕྱོགས་བསྡུས་རུ་ཁག ས་ཚིགས་གསར་པ་འཛུགས་སྐྲུན་རུ་ཁག ཨ་མོང་སེན་རྒྱ་མཚོ་རྟོག་ཞིབ་རུ་ཁག ཀྲུང་ཧྲན་ས་ཚིགས་ཀྱི་དགུན་སྒྲོལ་རུ་ཁག་ཐེངས་སོ་གསུམ་པ། ལྕགས་རི་རིང་པོ་ས་ཚིགས་ཀྱི་དགུན་སྒྲོལ་རུ་ཁག “ཉི་དགའ་1”རྟགས་ཅན་གྱི་གྲུ་གཟིངས་སོགས་ལས་གྲུབ་ཅིང་། ཁྱོན་མི་334ཡོད་པ་དེ་དག་གིས་ཉིན་164རིང་མཚོ་ལེ་ཁྲི་3.8ལྷག་ཙམ་བསྐྱོད་ཡོད་པ་རེད། བརྟག་ཞིབ་རུ་ཁག་དེས་སྔ་རྗེས་སུ་ལུའོ་སི་རྒྱ་མཚོ་དང་། ཀྲུང་ཧྲན་ས་ཚིགས། ཕུའུ་ལི་ཚི་མཚོ་ཁུག ཏའེ་ཝེ་སི་རྒྱ་མཚོ། ཨ་མོང་སེན་རྒྱ་མཚོ་སོགས་ཀྱི་མཚོ་ཁོངས་སུ་གནམ་ས་མཚོ་བཅས་གསུམ་གྱི་ཕྱོགས་མང་བརྟག་ཞིབ་ལས་དོན་སྤེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།
         དང་ཐོག་རང་རྒྱལ་གྱི་ལྷོ་སྣེའི་བརྟག་ཞིབ་ས་ཚིགས་ལྔ་པའི་གནས་འདེམས་རྨང་འདིང་དང་དུས་འགོའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་ཤིང་། བརྟག་ཞིབ་རུ་ཁག་གིས་གནམ་གཤིས་ངན་པ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་དེ་རང་རྒྱལ་གྱི་ལྷོ་སྣེའི་བརྟག་ཞིབ་ས་ཚིགས་ལྔ་པ་སྟེ། ཨེན་ཁེ་སི་པའོ་གླིང་ཕྲན་ས་ཚིགས་གསར་པའི་གནས་སྐབས་བཟོ་བཀོད་དང་གནས་སྐབས་གྲུ་ཁ་བཟོས་ནས་གློག་གཏོང་བ་དང་། མཚོ་ཆུ་ཚྭ་མེད་དུ་བསྒྱུར་རྒྱུ། འཕྲིན་གཏོང་སོགས་མངོན་འགྱུར་བྱུང་ཞིང་། 2018ལོའི་ཟླ་2ཚེས་7ཉིན་ས་ཚིགས་གསར་པའི་གནས་འདེམས་རྨང་འདིང་མཛད་སྒོ་འཚོགས་པ་རེད།
         དེ་རྗེས། ལྷོ་སྣེའི་རྒྱ་མཚོར་ལས་སྒོའི་རང་བཞིན་གྱི་བརྟག་ཞིབ་ལས་དོན་སྤེལ་བ། བརྟག་ཞིབ་རུ་ཁག་གིས་ལྷོ་སྣེའི་ཕྱེད་གླིང་གི་མཚོ་ཁོངས་དང་། ཕུའུ་ལི་ཚི་མཚོ་ཁུག ཏའེ་ཝེ་སི་རྒྱ་མཚོ། ལུའོ་སི་རྒྱ་མཚོ་སོགས་ཀྱི་མཚོ་ཁོངས་དང་དེ་བཞིན“གངས་འབྲུག”རྟགས་ཅན་གྲུ་གཟིངས་ཀྱི་མཚོ་ལམ་རྒྱུད་དུ་ལས་སྒོའི་བརྟག་ཞིབ་ལས་དོན་སྤེལ་བ་རེད།
         དེ་དང་ཆབས་ཅིག ཨ་མོང་སེན་རྒྱ་མཚོའི་ཕྱོགས་བསྡུས་རྟོག་ཞིབ་ཐེངས་དང་པོ་ལེགས་སྒྲུབ་བྱས་པ། བརྟག་ཞིབ་རུ་ཁག་གིས་ནུབ་རླུང་ལྡང་ཁུལ་གྱི་མཚོ་ཁོངས་ཏེ་ཨ་མོང་སེན་རྒྱ་མཚོའི་མཚོ་ལེ་ངོས་གྲུ་ཁྲི་51ནང་རྒྱ་མཚོའི་ས་ཚིགས་གནས་འདེམས་ཀྱི་ཕྱོགས་བསྡུས་བརྟག་ཞིབ་ལས་དོན་སྤེལ་བ་རེད།
         བརྟག་ཞིབ་རུ་ཁག་གིས་ད་དུང་ཀྲུང་ཧྲན་ས་ཚིགས་ཀྱི་དབྱར་ཁའི་བརྟག་ཞིབ་ལས་དོན་ཡང་ལེགས་སྒྲུབ་བྱས་པ། བརྟག་ཞིབ་རུ་ཁག་གིས་ལོ་རྒྱུས་ཐོག་བར་ཐག་རིང་ཤོས(སྤྱི་ལེ་38)ཀྱི་ཐད་འཕུར་གནམ་གྲུས་དོ་པོ་འབེབས་པའི་ལས་སྒྲུབ་སྟེ། དངོས་ཟོག་དང་འབར་སྣུམ་ཏུན་453ཕབ་པ་དང་ཚན་རིག་གི་དངོས་དཔེ་དང་བེད་མེད་དངོས་རིགས་ཏུན་74ཕྱིར་བསྐྱལ་ནས་ཀྲུང་ཧྲན་ས་ཚིགས་ཀྱི་མཁོ་སྤྲོད་ལས་འགན་ལེགས་སྒྲུབ་བྱས་པ་རེད།
         རྒྱལ་སྤྱིའི་མཉམ་ལས་དང་ཕྱི་དོན་སྤེལ་རེས་ཐད། ཀྲུང་ནེའུ་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ལེགས་སྒྲུབ་བྱས་ནས་ལྷོ་སྣེའི་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ནང་ཐེངས་དང་པོར་ཞུགས་པ་རེད། “གངས་འབྲུག”རྟགས་ཅན་གྱི་གྲུ་གཟིངས་དེ་ནེའུ་ཙི་ལན་ཅི་ཏུའུ་ཁྲེང་གྲོང་ཁྱེར་གྱི་ལི་ཐེར་ཏུང་གྲུ་ཁར་བསྡད་དེ་དངོས་ཟོག་ཁ་སྣོན་བྱེད་སྐབས། བརྟག་ཞིབ་རུ་ཁག་གིས་ཅི་ཏུའུ་ཁྲེང་གྲོང་ཁྱེར་སྲིད་གཞུང་དང་། ཅི་ཏུའུ་ཁྲེང་གྲོང་ཁྱེར་དུ་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ཁང་། ནེའུ་ཙི་ལན་ལྷོ་སྣེ་ཅུས་སོགས་ཀྱིས་མཉམ་དུ“གངས་འབྲུག”རྟགས་ཅན་གྱི་གྲུ་གཟིངས་མང་ཚོགས་ལ་སྒོ་འབྱེད་པའི་ཉིན་མོ་དང་ཀྲུང་ནེའུ་ལྷོ་སྣེའི་ཚན་རིག་ཞིབ་འཇུག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།