འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དང་ཡུལ་སྐོར་པུས་2018ལོའི་རྒྱལ་ཡོངས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་
    བཅོས་སྒྲིག་བྱ་སྤྱོད་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། 2018ལོར་རིག་གནས་དང་ཡུལ་སྐོར་པུས་རྒྱལ་ཡོངས་ཁྱབ་ཁོངས་སུ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་རྒྱུ་ཡིན་པ་སྟེ། ལས་རིགས་ཀྱི་བཅོས་དཀའ་བའི་གནད་དོན་རིགས་ལ་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྔར་བས་ཞིབ་ཕྲ་དང་སྔར་བས་གནད་འཁེལ་སྤྱད་དེ་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་མངོན་གསལ་དོད་རིགས་གཙོ་གནད་ཐོག་བཅོས་སྒྲིག་གིས་སྤུས་ལེགས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཡུལ་སྐོར་བ་ཚོའི་ཡུལ་སྐོར་གྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་གསུམ་པའི་བར། གཙོ་གནད་ཡུལ་སྐོར་ས་ཁུལ་ཁ་ཤས་སུ་ཐོན་པའི་ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་བར་བཙན་གྱིས་འཛད་སྤྱོད་བྱེད་དུ་བཅུག་པའམ་ཡང་ན་རྣམ་པ་བསྒྱུར་ནས་བཙན་གྱིས་འཛད་སྤྱོད་བྱེད་དུ་བཅུག་པ་དང་། ལག་ཁྱེར་མེད་པའི་ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་བར་ཉེས་རྡུང་བཏང་བ་སོགས་ཀྱི་གནས་ཚུལ་ཚབས་ཆེན་རིགས་ལ་དམིགས་ནས། རིག་གནས་དང་ཡུལ་སྐོར་པུས་བཙན་གྱིས་འཛད་སྤྱོད་བྱེད་དུ་འཇུག་མཁན་དང་དེ་བཞིན་ཁྲིམས་འགལ་ངང་ཡུལ་སྐོར་སྣེ་ཤན་པའི་ལས་གཉེར་བྱེད་སྒོ་སྤེལ་མཁན་ལ་རྡུང་རྡེག་གཏོང་རྒྱུ་གཙོ་གནད་དུ་བྱས་པའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་། དེའི་རིང་། རིག་གནས་དང་ཡུལ་སྐོར་པུས་ལྟ་བཤེར་ཚོགས་ཆུང་ལྔ་སྔ་རྗེས་སུ་ཧུའུ་ནན་དང་། ཁྲུང་ཆིང་། ཨན་ཧུའེ། ཅང་ཤིས། ཧྲའན་ཤིས་སོགས་སུ་མངགས་ནས་ས་གནས་དེ་གའི་ཡུལ་སྐོར་གཙོ་གཉེར་སྡེ་ཚན་ལ་ཆེད་དོན་བཅོས་སྒྲིག་གི“རལ་གྲི་རྣོན་པོའི་བྱ་སྤྱོད”ཏན་ཏིག་སྤེལ་རྒྱུའི་མཛུབ་ཁྲིད་བྱས་པ་དེ་ནི་ན་ནིང་གི“དུས་བཞིའི་བྱ་སྤྱོད”སྤེལ་རྗེས་ཡུལ་སྐོར་ཁྲོམ་རར་ཡང་བསྐྱར་སྤེལ་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཅིག་ཡིན་པ་རེད། ཟླ་གསུམ་པའི་ཟླ་མཇུག་བར། ས་ཁུལ་ཁག་གིས་ཁྱོན་ཡུལ་སྐོར་ཁེ་ལས་11253དང་། ཡུལ་སྐོར་ཚོགས་པ་2942 ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཐེངས་800 ཡུལ་སྐོར་སྣེ་ཤན་པ་མི་ཐེངས་8596བཅས་ལ་ཞིབ་བཤེར་བྱས་རྗེས་གྱོད་གཞི་172ཐོ་འགོད་བྱས་ནས་ཡུལ་སྐོར་སྣེ་ཤན་པ་དང་ཁྲིམས་འགལ་ལས་ཞུགས་མི་སྣ་70ལ་ཆད་པ་བཅད་པ་དང་། དངུལ་ཆད་དང་ཁྲིམས་འགལ་ཐོབ་ཆ་སྒོར་ཁྲི་326.05གཞུང་བཞེས་བཏང་ཡོད་པ་རེད།
         ཡུལ་སྐོར་སྣེ་ཤན་པའི(རུ་འདྲེན་པ)ལས་གཉེར་ལ་ཞིབ་བཤེར་ཆེན་པོ་བྱས་ནས“ཡུལ་སྐོར་སྣེ་ཤན་པ་ངན་པར”ནན་བཤེར་བྱས་པ། ས་ཁུལ་ཁག་གིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས། ཡུལ་སྐོར་བ་མང་པོ་ཡོད་པའི་ཡུལ་སྐོར་ལམ་ཐིག་རྒྱུད། སྤྱི་པའི་འགྲིམ་འགྲུལ་ལྟེ་གནས་བཅས་སུ་ཡུལ་སྐོར་ཚོགས་པ་ཁྲིད་མཁན་ཡུལ་སྐོར་སྣེ་ཤན་པར་ལེབ་བཤེར་བྱས་པ་དང་སྦྲགས་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཁྲིམས་ལྟར་ཞིབ་གཅོད་བྱས་པ་རེད།
         ཡུལ་སྐོར་སྣེ་ཤན་པའི་ཁྲིམས་འགལ་གྱོད་གཞི་དང་འབྲེལ་བའི་ཡུལ་སྐོར་ལས་དོན་ཁང་ལ་ཞིབ་གཅོད་ནན་པོ་བྱས་པ། ས་ཁུལ་ཁག་གིས་ཁྲིམས་འགལ་ཡུལ་སྐོར་སྣེ་ཤན་པར(རུ་འདྲེན་པ)རྩད་ཞིབ་བྱེད་པ་དང་ཆབས་ཅིག ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་མེད་མཁན་མངགས་ནས་ཡུལ་སྐོར་སྣེ་ཤན་ཞབས་ཞུ་བྱེད་དུ་འཇུག་པའམ་ཡང་ན་རུ་འདྲེན་པའི་ཆ་རྐྱེན་མི་འཛོམས་མཁན་བཀོད་སྒྲིག་བྱས་ནས་རུ་འདྲེན་ཞབས་ཞུ་བྱེད་དུ་འཇུག་མཁན་ཡུལ་སྐོར་ལས་དོན་ཁང་རྩད་ཞིབ་བྱས་ནས་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ་རེད།
         “ལག་ཁྱེར་མེད་པའི་ཚོང་ཁང”དང་། “ལག་ཁྱེར་མེད་པའི་ཡུལ་སྐོར་ལས་དོན་ཁང” “ལག་ཁྱེར་མེད་པའི་ཡུལ་སྐོར་རླངས་འཁོར”བཅས་ལ་ཆད་པ་ནན་པོ་བཅད་པ། ས་ཁུལ་ཁག་གི་ཡུལ་སྐོར་གཙོ་གཉེར་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་རང་འགུལ་སྒོ་ནས་མཐུན་སྦྱོར་བྱས་ནས། བཙན་གྱིས་འཛད་སྤྱོད་བྱེད་དུ་བཅུག་པའི་གྱོད་གཞི་དང་འབྲེལ་བའི་ཚོང་ཁང་སོགས་དངོས་ཟོག་ཉོ་སར་རྡུང་རྡེག་ནན་པོ་བཏང་བ་དང་སྦྲགས་ཡུལ་སྐོར་ལས་དོན་ཁང་གི་ལས་སྒོ་གཉེར་སྐྱོང་ཆོག་འཐུས་མ་ཐོབ་པའི་སྤྱི་ཚོགས་རྩ་འཛུགས་སམ་མི་སྒེར་གྱི་ཁྲིམས་འགལ་རྩ་འཛུགས་ཀྱིས་ཡུལ་སྐོར་ཚོགས་པར་སྣེ་ལེན་ཞུ་བའི་བྱེད་སྤྱོད་ཞིབ་གཅོད་བྱེད་ཤུགས་ཆེ་རུ་ཡང་བཏང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།