འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོས་ང་ཚོར་ཧ་ཅང་ཡག་པོ་བྱེད་ཀྱི་འདུག"

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཨ་ཧྥེ་རི་ཁའི་ནོར་དཔལ་འཕྲིན་གཏོང་ཁང་གིས་ཉིན་ཤས་གོང་འགོ་བརྗོད་དུ་《ཀྲུང་གོས་ང་ཚོར་ཧ་ཅང་ཡག་པོ་བྱེད་ཀྱི་འདུག འོན་ཀྱང་ཨ་རི་བས………》ཞེས་པའི་རྩོམ་ཡིག་བཏོན་ནས་ཀྲུང་གོས་ཨ་ཧྥེ་རི་ཁར་མ་འཇོག་བྱས་པར་དགེ་མཚན་ལྡན་པའི་གདེང་འཇོག་བྱས་ཡོད། རྩོམ་ཡིག་ནང་ཨ་ཧྥེ་རི་ཁར་ཀྲུང་གོས་ཕྱོགས་མང་པོར་མ་འཇོག་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཁྲོད་ནས་ཨ་ཧྥེ་རི་ཁར་ཕན་པ་ཐོབ་པ་བཏོན་ཡོད་ལ། ཨ་ཧྥེ་རི་ཁར་ཨ་རིས་མ་འཇོག་བྱས་པ་དང་ཁོང་ཚོའི་རྣམ་འགྱུར་ལ་བསྡུར་བ་བྱས་ཡོད།
         རྩོམ་ཡིག་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཡུན་རིང་གི་མཛའ་གྲོགས་འབྲེལ་བར་དེ་སྔ་ཨ་རིའི་གཞུང་ཕྱོགས་ཀྱིས་ཡོངས་བསྒྲགས་ངང་སྐྱོན་འཛུགས་བྱས་ཡོད་མོད། འོན་ཀྱང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་སྐྱེ་བོ་ཀུན་ལ་མཛའ་གྲོགས་ཟབ་མོ་མངོན་པར་བྱས་ཡོད། དེ་གོང་ཀྲུང་གོར་འཚམས་འདྲི་གནང་མཁན་ཁ་མེ་རོང་གི་ཙུང་ཐུང་གིས་ཁ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གུས་བཀུར་ཞུས་པ་དང་ཆབས་ཅིག་མཉམ་ལས་བྱས་ནས་ཁ་མེ་རོང་གི་མི་དམངས་ལ་དེའི་ཁྲོད་ནས་ཕན་པ་མང་པོ་ཐོབ་ཡོད་ཅེས་བཤད་པ་དང་ཀྲུང་གོས་ཁ་མེ་རོང་ལ་མ་འཇོག་དེ་བས་མང་པོ་བྱ་རྒྱུའི་རེ་བའང་བཏོན་པ་རེད།
         གྲངས་གཞི་བསྡོམས་རྩིས་ལས་ཚང་མ་ཤེས་ཐུབ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་གྲངས་གཞིས་མི་ཚོར་བག་ཆགས་ཟབ་མོ་བཞག་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཀྲུང་གོས་ཨ་ཧྥེ་རི་ཁར་མ་འཇོག་བྱེད་ཚད་ལོ་རེ་ལས་མ་འདས་པར་མང་དུ་སོང་ནས་ཨ་ཧྥེ་རི་ཁར་ཐད་ཀར་མ་འཇོག་བྱེད་ཚད་ལོ་བཅུའི་ནང་ལྡབ་བཅུ་འཕར་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྙན་ཞུ་ཞིག་ལས་མངོན་གསལ། འདས་ཟིན་པའི་ལོ་12ནང་ཨ་ཧྥེ་རི་ཁའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བའི་ཐད་ཀྲུང་གོའི་ཤུགས་རྐྱེན་ཆེ་ཤོས་ཐེབས་ནས་རྒྱལ་ཁབ་དང་ས་ཁུལ་གཞན་དག་ལས་ལྷག་པ་བྱུང་ཡོད། གཞན་ཡང་2012ལོ་ནས་བཟུང་ཀྲུང་གོ་ཉིད་ཡོ་རོབ་མནའ་འབྲེལ་ཕུད་པའི་ཨ་ཧྥེ་རི་ཁའི་ཚོང་ཟོག་ནང་འདྲེན་རྒྱལ་ཁབ་ཆེ་གྲས་གཉིས་པར་གྱུར་ཡོད།
         མའེ་ཁེན་ཤིས་ཀུང་སིས་ཞིབ་འཇུག་བྱས་པར་གཞིགས་ན། 2015ལོ་བར་ཀྲུང་གོས་ཨ་ཧྥེ་རི་ཁའི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ལ་མ་འཇོག་བྱས་པའི་དངུལ་གྲངས་ཨ་སྒོར་དུང་ཕྱུར་210ཟིན་པ་དེ་ཨ་ཧྥེ་རི་ཁ་གསར་སྤེལ་དངུལ་ཁང་དང་། ཡོ་རོབ་མ་འཇོག་དངུལ་ཁང་། རྒྱལ་ཁབ་བརྒྱད་ཀྱི་ཚོགས་པ། འཛམ་གླིང་དངུལ་ཁང་བཅས་ཀྱི་བསྡོམས་འབོར་ལས་བརྒལ་ཡོད།
         ཨ་རིའི་གཡོད་ཧན·ཧོ་ཕུའུ་ཅིང་སི་སློབ་ཆེན་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཞིབ་འཇུག་སུའོ་ཡིས་ཕྱོགས་སྡོམ་བྱས་ནས་བརྗོད་དོན། ཨ་ཧྥེ་རི་ཁའི་རྣམ་གྲངས་གསར་པར་ཕྱི་རྒྱལ་གྱིས་ཐད་ཀར་མ་འཇོག་བྱེད་པའི་ཁྲོད་ཀྲུང་གོས་གནས་བབ་གལ་ཆེན་བཟུང་ཡོད། རྣམ་གྲངས་ཀྱི་གྲངས་འབོར་ནས་བརྗོད་ན། ཀྲུང་གོ་ཨང་གསུམ་པ་ཡིན། མ་འཇོག་གི་དངུལ་གྲངས་ནས་བརྗོད་ན། ཀྲུང་གོ་ཨང་དང་པོ་ཡིན། ཨ་རིས་ཨ་ཧྥེ་རི་ཁར་མ་འཇོག་བྱ་ཡུལ་གཙོ་བོ་ནི་གཏེར་ཁའི་ཐོན་ཁུངས་དང་རྡོ་སྣུམ་ཐོན་ཁུངས་ཡིན། ཀྲུང་གོའི་མ་འཇོག་བྱ་ཡུལ་དེ་བས་མང་བས་གཙོ་བོ་ནི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་ཁྱབ་ཁོངས་ཡིན། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ནི་ཨ་ཧྥེ་རི་ཁས་ངེས་པར་དུ་སྒྲོལ་དགོས་པའི་འགོག་རྐྱེན་ཞིག་རེད། ཚོང་དོན་གྲངས་གཞི་དེ་བས་མངོན་གསལ་དོད་པོ་ཞིག་ཡོད་པ་ནི་1992ལོ་ནས་2016ལོ་བར་ཀྲུང་གོས་ཨ་ཧྥ་རི་ཁར་ནང་འདྲེན་བྱས་པའི་དངོས་ཟོག་གི་དངུལ་གྲངས་ཨ་སྒོར་དུང་ཕྱུར་8134ཟིན་གྱི་ཡོད།
         རྩོམ་ཡིག་ནང་ཨ་ཧྥེ་རི་ཁས་ཀྲུང་གོ་དང་མཉམ་ལས་བྱེད་པའི་ཁྲོད་ཕན་པ་ཐོབ་ཐུབ་པའི་ཁྱབ་ཁོངས་རེ་རེ་བཞིན་འགོད་ན། གཅིག་ནི་མ་བཅོས་རྒྱུ་ཆ་ལས་སྣོན་ཡིན་ཞིང་། 2008ལོར་ཀྲུང་གོས་ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱས་པའི་དངོས་ཟོག་ནང་80%ནི་མ་བཅོས་རྒྱུ་ཆ་དང་རྡོ་སྣུམ་ཡིན། ད་ལྟ་བསྡུར་གྲངས་དེ་53%བར་ཆག་པ་དེ་ཐོག་ནས་ཨ་ཧྥེ་རི་ཁའི་ཐོན་སྐྱེད་འབྲེལ་ཐག་གཞན་དག་གིས་ཀྲུང་གོའི་ཁྲོམ་རའི་ཡིད་དབང་བཀུག་པ་མཚོན་ཡོད། ཞིབ་འཇུག་བྱས་པ་ལས་མངོན་གསལ། ཨ་ཧྥེ་རི་ཁར་དེའི་ཁྲོད་ནས་མ་བཅོས་རྒྱུ་ཆ་ལས་སྣོན་བརྒྱུད་རིམ་གྱི་ཟུར་སྣོན་རིན་ཐང་ཁག་གཅིག་ཐོབ་ཡོད། གཉིས་ནི་ཞིང་ལས་ཐོན་སྐྱེད་ཡིན་ཞིང་། ཨ་ཧྥེ་རི་ཁར་རྒྱ་ཆེ་བའི་རྨོ་ཞིང་ཡོད་པ་དང་དེ་དང་ཆབས་ཅིག་ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་ཡོང་འབབ་མགྱོགས་མྱུར་འཕར་ནས་བཟའ་བཅའི་དགོས་མཁོ་ཉིན་རེ་ལས་མ་འདས་པར་ཆེ་རུ་ཕྱིན་ཡོད། གསུམ་ནི་ཕུན་སུམ་ཚོགས་ལ་རིན་གོང་དམའ་བའི་ངལ་ནུས་ཡིན། དེའང་ཨ་ཧྥེ་རི་ཁའི་ཁྱད་ཆོས་ཤིག་ཡིན་ཞིང་། གལ་སྲིད་ཨ་ཧྥེ་རི་ཁས་ངལ་ནུས་ཞིབ་འདུས་རྣམ་པའི་ཐོན་ལས་ཁག་གཅིག་གི་ཡིད་དབང་བཀུག་ཐུབ་ཚེ། ཨ་ཧྥེ་རི་ཁའི་སྤྱི་ཡོངས་ཀྱི་ལས་ཞུགས་ཆུ་ཚད་གོང་མཐོར་འགྲོ་ཐུབ་ངེས་རེད། དེར་བརྟེན་ཨ་ཧྥེ་རི་ཁས་མ་འཇོག་གི་ཁོར་ཡུག་ལེགས་སུ་གཏོང་དགོས་ཀྱི་ཡོད། བཞི་ནི་ལག་རྩལ་གཞན་སྒྱུར་བྱ་རྒྱུ་དེ་ཡིན་ཞིང་། ས་གནས་དེ་རང་དུ་ལས་ཞུགས་ཀྱི་ལས་གནས་གཏོད་པ་དང་ཆབས་ཅིག་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མའི་ཡིད་དབང་ཡང་བཀུག་ཡོད། 2016ལོར་ཀྲུང་གོར་སློབ་སྦྱོང་བྱེད་བཞིན་པའི་ཨ་ཧྥེ་རི་ཁའི་སློབ་མ་ཁྲི་6ལྷག་ཙམ་ཟིན་ནས་ཕྱི་སྦྱོང་སློབ་མ་མང་པོ་འདུས་སའི་རྒྱལ་ཁབ་ཆེ་གྲས་གསུམ་པར་གྱུར་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།