འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་མགྱོགས་སུ་འགྲོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་23ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་སློབ་གསོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དྲ་སྐུད་གཅིག་གིས་སློབ་ཁྲིད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་སུ་ཕྱིན་ནས་ས་ཁོངས་དང་སློབ་གྲྭའི་དབྱེ་མཚམས་མེད་པར་གྱུར་ཡོད། མཚོ་སྔོན་དུ་སློབ་གསོ་ཆ་འཕྲིན་ཅན་གྱི་འཕོ་འགྱུར་འགྲོ་མུས་ཡིན་ཞིང་། ཞིང་ཆེན་རིམ་པའི་སློབ་གསོའི་གྲངས་གཞིའི་ལྟེ་གནས་གཞི་རྟེན་དུ་བྱེད་པ་དང་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་སློབ་གསོའི་དོ་དམ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་དགེ་སློབ་ཚོས་དྲ་ཐོག་དང་དྲ་ཕྱིར་རང་དགར་སྤེལ་རེས་བྱེད་ཐུབ་པ་དང་། ས་ཕྱོགས་མི་འདྲ་བའི་དབར་སློབ་ཚན་དང་སློབ་ཁྲིད་མཉམ་སྤྱོད་ཐུབ་པ། སློབ་གསོ་དོ་དམ་གྱི་སྤྲིན་རྩིས་ཞབས་ཞུ་མངོན་འགྱུར་བྱུང་བ་སོགས་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྱོང་དང་འཕེལ་རྒྱས་མྱུར་པོ་བཏང་བས། མཚོ་སྔོན་གྱི་སློབ་གསོ་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ཆ་འཕྲིན་ཅན་གྱི་མྱུར་ཚད་མགྱོགས་པོས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ས་མཐོའི་ཕྲུ་གུ་མི་རེ་ངོ་རེའི་ཉེ་འགྲམ་དུ་བསྐྱལ་ཐུབ་པ་བྱུང་ཡོད།
         མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་སློབ་འབྲིང་དུ་སློབ་གྲྭ་དེའི་དགེ་རྒན་གྱིས་ཟི་ལིང་གྲོང་ཁྱེར་སློབ་འབྲིང་དང་པོའི་དགེ་རྒན་དང་དྲ་རྒྱའི་སློབ་དཔྱོད་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་། ས་ཆ་གཉིས་དབར་བར་ཐག་སྤྱི་ལེ་140ལྷག་ཙམ་ཆོད་ཡོད་ནའང་དེས་ཕྱོགས་གཉིས་པོའི་དགེ་རྒན་གྱིས་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་པའི་ཐད་འགལ་རྐྱེན་རྩ་བ་ཉིད་ནས་འཕྲད་མེད།
         གསེར་ཆེན་རྫོང་མི་རིགས་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་དང་པོའི་ལོ་རིམ་གསུམ་པའི་སློབ་མས་དྲ་བའི་སློབ་ཚན་བརྒྱུད་བར་ཐག་སྤྱི་ལེ་70ཡིས་ཆོད་པའི་ཅང་སི་ཤང་མི་རིགས་ཞག་སྡོད་ལམ་ལུགས་སློབ་ཆུང་གི་སློབ་མ་དང་དུས་མཉམ་དུ་སྐད་གཉིས་རྩིས་རིག་སློབ་ཚན་འཚོགས་བཞིན་ཡོད་པ་དང་། ས་ཁུལ་གཉིས་པོའི་སློབ་མ་དང་དགེ་རྒན་གྱིས་སྤེལ་རེས་འཁྲུག་པོ་བྱས་པ་དེ་ལས་ཕན་ཚུན་བར་ཐག་ཕྲན་ཙམ་ཡང་མེད་པའི་སྣང་བ་ཞིག་འཆར།
         ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་དྲ་ཆེན་དྲ་རྒྱ་སློབ་གྲྭ་ཚང་མར་ཤར་གཏོང་དང་། སྤུས་ལེགས་ཐོན་ཁུངས་འཛིན་གྲྭ་ཚང་མར་ཤར་གཏོང་། སློབ་སྦྱོང་བར་མཐོངས་སློབ་མ་ཚང་མར་ཤར་གཏོང་བཅས་དང་དེ་བཞིན་སློབ་གསོ་དོ་དམ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་2012ལོར་དྲ་སྦྲེལ་དྲ་ཆེན་འབྲེལ་མཐུད་ཐུབ་ཚད་17%ཙམ་ལས་ཟིན་གྱི་མེད་པ་ནས་83%བར་མཐོ་རུ་ཕྱིན་པ་དང་། འཛིན་གྲྭར་བརྒྱུད་ལམ་སྣ་མང་སྒྲིག་ཆས་བསྒར་ཚད་98%ཟིན་ཡོད། དེ་སྔ་དགེ་རྒན་ཁ་ཐང་བའི་དབང་གིས་རོལ་དབྱངས་དང་། མཛེས་རྩལ། ཡིག་གཟུགས་སོགས་ཀྱི་སློབ་ཚན་འཁྲིད་ཐབས་བྲལ་ཡང་། ད་ཆ“སློབ་གསོའི་སྤྲིན་རྩིས”ཀྱི་རོགས་རམ་འོག་སློབ་ཚན་དེ་དག་ཚང་མ་འཚོགས་ཐུབ་པ་བྱུང་བ་དེས་ཞིང་འབྲོག་ཁུལ་གྱི་སློབ་མར་ཡང་གྲོང་ཁྱེར་གྱི་སློབ་མ་དང་འདྲ་བར་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ཉམས་སུ་མྱོང་རྒྱུ་བྱུང་ཡོད།
         སྐུ་འབུམ་རྫོང་ཤིས་པའོ་གྲོང་རྡལ་ཀྲང་ལི་ཅའོ་སློབ་ཁྲིད་ས་ཚིགས་སུ་དགེ་རྒན་གཅིག་དང་སློབ་མ་གཉིས་ལས་མེད། གྲངས་གཞིའི་ཐོན་ཁུངས་ལ་བརྟེན་ནས་སློབ་མ་གཉིས་ཀྱིས་སློབ་གྲྭ་གཞན་གྱི་སློབ་མ་དང་འདྲ་བར་སློབ་གསོ་དང་ལེན་ཐུབ་པ་དང་། ཁོང་གཉིས་ཀྱི་སྐད་ཡིག་དང་། རྩིས་རིག རོལ་དབྱངས། མཛེས་རྩལ་བཅས་ཀྱི་སྦྱངས་འབྲས་གཅིག་གྱུར་རྒྱུགས་ལེན་ཁྲོད་ལེགས་གྲས་སུ་སླེབས་ཀྱི་ཡོད།
         བ་ཡན་རྫོང་སློབ་ཆུང་གཉིས་པས་དྲ་རྒྱ་སྤྱད་དེ“གསུང་རྩོམ་གྲགས་ཅན་གྱེར་འདོན”གྱི་བྱེད་སྒོ་སྤེལ་ཞིང་། འཛིན་གྲྭ་ཁག་གིས་གྱེར་འདོན་གྱི་ནང་དོན་གློག་རྡུལ་བརྙན་ཤེལ་སྟེང་སྟོན་པ་དང་། ཞོགས་ལྟར་ཞོགས་ཚོགས་མ་འཚོག་གོང་གི་སྐར་མ་10ཡི་ནང་སློབ་གྲྭའི་རླུང་འཕྲིན་གྱི་སྣེ་ཁྲིད་འོག་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཀྱིས་མཉམ་དུ་གནའ་བོའི་སྙན་ཚིག་རེ་གྱེར་འདོན་བྱས་ཏེ་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་རིག་གནས་སློབ་གསོ་དར་སྤེལ་གཏོང་རྒྱུར་རམ་འདེགས་བྱས་ཡོད།
         ཟི་ལིང་གྲོང་ཤར་ཆུས་ཀྱིས་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྱོང་བྱ་རྒྱུ་དེ་སྲིད་གཞུང་གི“འགོ་ཁྲིད་གཙོ་བོའི”འདུ་འགོད་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། ཆུས་སློབ་གསོ་ཅུས་ཀྱིས་ལོ་ལྟར་བརྒྱུད་ལམ་སྣ་མང་གི་སློབ་ཚན་འགྲན་བསྡུར་དང་གློག་རྡུལ་བརྙན་ཤེལ་བརྒྱུད་ནས་སློབ་ཚན་འཁྲིད་པའི་འགྲན་བསྡུར་བྱས་ཏེ་ཞིབ་འཇུག་བྱེད་མཁས་པ་དང་གསར་གཏོད་བྱེད་ཕོད་པའི་དགེ་རྒན་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད།
         2017ལོར་འཚོགས་པའི“མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་སློབ་གསོ་ཆ་འཕྲིན་ཅན་གྱི་སློབ་ཁྲིད་བྱེད་སྟངས་ཀྱི་ས་གནས་ས་ཐོག་གི་གསོ་སྦྱོང་ཚོགས་འདུའི”ཐོག་ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ་བཅས་རང་སྐྱོང་ཀྲོའུ་གསུམ་ཁོ་ན་ནས་སླེབས་པའི་ཚོགས་ཞུགས་མི་སྣ་100ལྷག་ཙམ་ཟིན་ཡོད། ཁོང་ཚོས་གསོ་སྦྱོང་བརྒྱུད་དགེ་རྒན་སྔར་ལས་མང་བས་ཆ་འཕྲིན་ལག་རྩལ་ཁོང་དུ་ཆུད་པ་བྱས་ཏེ་རྩྭ་ཐང་དུ་གནས་པའི་ས་ཆའི་སློབ་གསོར་གསོན་ཤུགས་གསར་པ་ཞིག་སྦྱིན་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
         མིག་སྔར་མཚོ་སྔོན་གྱིས་《“དྲ་སྦྲེལ+སློབ་གསོའི”འཛུགས་སྐྱོང་འཆར་འགོད་》བཟོས་ནས་ལོ་དེའི་ནང་གྲོང་ཁྱེར(ཀྲོའུ)3དུ་ཞིང་ཆེན་དང་། ཀྲོའུ། རྫོང་། སློབ་གྲྭ་བཅས་དང་གྲོང་ཚོའི་རིམ་ལྔའི་དྲ་སྦྲེལ་དང་ཕྱོགས་གཉིས་སྦྲེལ་མཐུད་ཀྱི་ཆ་འཕྲིན་སྤེལ་རེས་མ་ལག་ཅིག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། སློབ་གསོའི་སློབ་མཚམས་ཁག་ལ་འདེགས་སྐྱོར་བྱེད་པའི་སློབ་གསོ་དོ་དམ་དང་། ཐོན་ཁུངས་ཞབས་ཞུ། སློབ་བསྡུའི་ཡིག་རྒྱུགས། སྒེར་གྱི་ཉེར་སྤྱོད་བར་མཐོངས། སློབ་གསོ་དབུལ་སྐྱོར་བཅས་ཀྱི་གྲངས་གཞི་ཆེ་མོ་དང་སྨྱན་སྦྱོར་གསར་པའི་ལག་རྩལ་བརྒྱུད་སྤེལ་གྱི“ཕྱོགས་དྲུག་གཞི་གཅིག”གི་མཚོ་སྔོན་གྱི“སློབ་གསོའི་སྤྲིན་རྩིས”གཏོད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།