འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་རྒྱལ་ཡོངས་ནས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་ཁྲི་2.6
    བསྡུ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་རྒྱལ་ཁབ་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་2.6འདེམས་སྒྲུག་བྱས་ནས་གཞི་རིམ་གྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”ལ་ཞབས་འདེགས་ཞུ་བར་གཏོང་རྒྱུ་དང་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་གཞི་རིམ་དུ་ལས་ཀ་བྱེད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱ་རྒྱུ་རེད།
        འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས་《2018ལོའི་མཐོ་སློབ་སློབ་ཐོན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལག་བསྟར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་བསྡུ་རྒྱུ)ཆེད་མངགས་པར་འགྲེམས་བྱས་པ་དང་། ས་ཁུལ་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས“གཞི་ཁྱོན་བརྟན་པོ་དང་། ཁྱབ་ཁོངས་ལེགས་གཏོང་། དོ་དམ་ལེགས་བཅོས། སྤུས་ཚད་མཐོར་གཏོང་། འགན་ལེན་ཤུགས་ཆེ”བཅས་གཏོང་བའི་གཞི་རྩའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ལས་དོན་ནན་ཏན་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།
        《བརྡ་ཐོའི་》ནང་སྐོང་བསྡུའི་འཆར་གཞི་དང་། ཀྲུང་དབྱང་གི་ཁ་གསབ་མ་དངུལ། ཞབས་ཞུའི་ལས་གནས་བཅས་ས་ཁུལ་དབུལ་པོ་དང་། གསར་བརྗེའི་ཁུལ་རྙིང་པ། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་སྐྱོར་རིགས་ཀྱི་ལས་གནས་བཅས་སུ་སྔར་བས་ཕྱོགས་དགོས། ས་ཁུལ་ཁག་གིས་ཞབས་ཞུའི་ལས་གནས་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་སོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཞབས་ཞུའི་ལས་གནས་ཀྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས། འདེམས་སྒྲུག་སྤུས་ཚད་མཐོ་རུ་བཏང་སྟེ་ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་རྩ་དོན་ལ་གཞིགས་ནས་མི་སྣ་འདེམས་སྤྱོད་ཀྱི་སྤྱོད་ངན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།
         《བརྡ་ཐོའི་》ནང་ས་ཁུལ་ཁག་གིས་འབྲེལ་ཡོད་ཀྱི་ལས་དོན་མགྱོགས་མྱུར་སྤེལ་འགོ་བཙུགས་ཏེ་ཟླ་བདུན་པའི་ཟླ་མཇུག་གོང་འདེམས་སྒྲུག་ལས་ཀ་ལེགས་འགྲུབ་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།