མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ·མའེ་དང་
ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་21ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ·མའེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་མཁྱེན་ལྡན་མ་དབུ་བཞུགས་བློན་ཆེན་འདི་ལོའི་ལོ་འགོར་ཀྲུང་གོར་འཚམས་འདྲིར་ཕེབས་རིང་ང་ཚོས་ཀྲུང་དབྱིན་གྱི་འབྲེལ་བའི“དུས་སྐབས་ཡག་ཤོས”ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། དངོས་སྒྲུབ་རང་བཞིན། གོ་ལ་ཧྲིལ་པོའི་རང་བཞིན། ཁོང་ཡངས་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་དང་ཀྲུང་དབྱིན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱེད་པའི་མོས་མཐུན་གཅིག་གྱུར་བྱུང་། ཀྲུང་གོ་ཕྱོགས་ནས་དབྱིན་ཇི་ཕྱོགས་དང་མཉམ་དུ་སྤྱི་ཁོག་གི་སྲིད་ཇུས་མཐུན་སྦྱོར་དང་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་རིམ་དབར་གྱི་སྤེལ་རེས་དང་ལམ་སྲོལ་ཅན་གྱི་སྤེལ་རེས་མཐའ་འཁྱོངས་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་དབྱིན་གྱི་འབྲེལ་བའི“དུས་སྐབས་ཡག་ཤོས”ཀྱི་སྤུས་སྤོར་མགྱོགས་གཏོང་ལ་གོ་སྐབས་དེ་བས་མང་བ་སྤྲོད་འདོད་ཡོད། དབྱིན་ཇི་ཕྱོགས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་དྲང་ནུས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། ཀྲུང་དབྱིན་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པས་ཕྱོགས་གཉིས་པོས་རྒྱལ་སྤྱིའི་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད།
        ཐེ་ལེ་ཧྲ·མའེ་ཡིས་ལོ་འགོར་ཀྲུང་གོར་འཚམས་འདྲིར་ཡོང་རིང་དབྱིན་ཀྲུང་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བའི“དུས་སྐབས་ཡག་ཤོས”སླར་ཡང་གཏན་འཁེལ་བྱས་པར་ང་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་རྒྱུའི་བྱ་ཐབས་གསར་པ་ཁྱབ་བསྒྲགས་གནང་བར་དབྱིན་ཇིས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ནས“ཧྲང་ཧའེ་ལོན་ཏོན་འབྲེལ་མཐུད”དངུལ་འཛིན་སྤྱོད་འགོ་འཛུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་དབྱིན་ཇི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་དབར་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དམ་ཟབ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་སྟེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་མུ་མཐུད་འཚོལ་ཞིབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི“དུས་སྐབས་ཡག་ཤོས”ལ་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས།
         རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ད་དུང་སི་རི་ཡའི་དུས་བབ་དང་རྒྱལ་སྤྱིའི་ཚོང་དོན་གྱི་གནད་དོན་སོགས་ལ་དགོངས་ཚུལ་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ནས་སི་རི་ཡའི་དུས་བབ་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་འགྲིག་མ་འགྲིག་ལ་དྲག་ཤུགས་སྤྱོད་པར་ང་ཚོས་སྔར་ནས་མོས་མཐུན་བྱེད་ཀྱི་མེད། རྒྱལ་ཁབ་ཁག་གི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་ལ་བརྩི་བཀུར་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཚང་མས་ཁས་ལེན་བྱེད་པའི་རྩ་དོན་ལ་གཞིགས་ནས་བྱ་བ་བསྒྲུབ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། མིག་སྔར། དུས་བབ་གང་མགྱོགས་ཞི་ལྷོད་དུ་གཏོང་བ་དང་གདོང་གཏུག་ཛ་དྲག་དང་རྒྱ་ཆེ་རུ་མི་འགྲོ་བ་བྱེད་དགོས། སི་རི་ཡར་ཕོག་པའི་རྫས་འགྱུར་མཚོན་ཆ་འདྲ་བའི་འཇབ་རྒོལ་གནད་དོན་ལ་ཕྱོགས་ཡོངས་དང་། དྲང་བདེན། དོན་དངོས་དང་མཐུན་པ་བཅས་ཀྱི་བརྟག་དཔྱད་བྱས་ཏེ་ལོ་རྒྱུས་ཀྱི་བརྟག་བཤེར་ཐུབ་པའི་བློས་འཁེལ་སྡོམ་ཚིག་གཅོད་དགོས་པ་དང་འབྲེལ་ད་དུང་སི་རི་ཡའི་གནད་དོན་ཆབ་སྲིད་ཐད་ནས་ཐག་གཅོད་བྱེད་པར་ཕན་འབྲས་མགྱོགས་ཙམ་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།