འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།>>སི་ཁྲོན།

    ༄༅།།སི་ཁྲོན་དཀར་མཛེས་གསེར་ཐར་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་
    རྩད་གཅོད་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་དཀར་མཛེས་གསེར་ཐར་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་
རྩད་གཅོད་བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་དང་རྫོང་ཨུའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐབས་ཇུས་བཀོད་སྒྲིག་དག་ལག་བསྟར་དོན་འཁྱོལ་ཡོང་བ་དང་། ཏང་དང་མི་སེར་ཀྱི་འབྲེལ་བ་སྔར་བས་ཟབ་མོར་གཏོང་ཆེད། ཉེ་ཆར་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཝང་ཏུང་ཧྲིན་གྱིས་ནོར་སྲིད་ཁང་དང་དབུལ་སྐྱོར་གནས་སྤོས་ཁང་། འཕེལ་རྒྱས་བཅོས་བསྒྱུར་ཁང་དང་འགྲུམ་འགྲིལ་ཁང་སོགས་ལས་ཁུངས་གང་མང་ཞིག་གི་གྲུབ་པའི་རྟོག་ཞིབ་ཚོ་ཆུང་གི་སྣེ་ཁྲིད་ནས།  ཡུལ་ཚོའི17པོའི་ད་ལོར་དབུལ་སྒྲོལ་བྱེད་རྩིས་ཡོད་པའི་དབུལ་ཕོངས་སྡེ་བ25ནང་དུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་བྱས་ཡོད་པ་རེད། 
         དང་པོ།  དབུལ་སྒྲོལ་འགག་སྒྲོལ་ལས་དོན་གནས་ཚུལ་རྒྱུས་ལོན་བྱེད་སྐབས་དཀའ་ངལ་དང་གནད་དོན91འཚོལ་སྡུད་བྱས་ཡོད་པ། 
         གཅིག་ནི་རྨང་གཞིའི་སྒྲིག་བཀོད་ལེགས་པོ་ལས་མེད། མིག་སྔར། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ28ལ་འཕྲིན་མདོང་བཙུགས་མེད། སྡོད་ཁང་དང་འགྲུམ་འགྲིལ། བཏུང་ཆུ་འཛུགས་སྐྲུན་སོགས་མི་སེར་གྱི་དངོས་ཡོད་དགོས་མཁོ་དང་བར་ཐག་ངེས་ཅན་ཡོད།  སྡོད་ཁང་འཛུགས་སྐྲུན་ཕྱོགས་ནས་ཁང་ས་འདེམས་ས་ཚད་མཐུན་མིན་པ་དང་སྤུས་ཚད་ཞན།  འགྲུམ་འགྲིལ་འཛུགས་སྐྲུན་ཕྱོགས་ནས་གཞུང་ལམ་ཁ་ཤས་ཀྱི་ཇུས་འགོད་ལུགས་མཐུན་མིན་པ།  ཨར་ལས་རྒྱུ་ཆའི་ཚད་གཞིར་མ་ལོན་པ་དང་ལམ་གཞི་སྲ་མོ་མིན།  ལམ་འབུར་བ་དང་ལམ་རྡུབ་པ། ལམ་འོག་གི་ཆུ་འཚང་བ་དང་ཨར་འདམ་མེད་པའི་གནས་ཚུལ་གང་མང་མཆིས། བཏུང་ཆུ་བདེ་འཇགས་འཛུགས་སྐྲུན་ཕྱོགས་ནས་ལྟ་སྐུལ་ནུས་ལྡན་མ་ཐུབ་པས་ཟོག་རའི་འགྲམ་དང་གནས་ཚང་ལས་ཐག་རིང་པའི་ས་ལ་ཆུ་དོང་བསྐོ་བའི་གནས་ཚུལ་གང་མང་འདུག གཉིས་ནི་མི་སེར་གྱི་རང་ཁ་རང་གསོའི་འདུ་ཤེས་ཞན། མི་སེར་ཁ་ཤས་ལ་རྒྱལ་ཁབ་ཀྱིས་ལོས་སྦྱིན་ལོས་གནང་སྣང་བ་དང་གནང་སྦྱིན་ལ་ཁ་གདངས་ནས་བསྡད་ཡོད། གསུམ་ནི་ཁྲིམས་སྐྱོང་རྨང་གཞི་སྔར་བཞིན་ཞན། མི་སེར་གྱི་ཁྲིམས་སྐྱོང་འདུ་ཤེས་ཞན་པ་དང་ལུགས་རྙིང་སྲོལ་ངན་དར་བས། ཁྲིམས་ལྟར་རྫོང་སྐྱོང་དང་དབུལ་ཐར་འགག་སྒྲོལ་ལས་དོན་སྤེལ་བར་བཀག་འགོག་ཚབས་ཆེན་ཐེབས། བཞི་ནི་ཐོན་ལས་སྐྱེད་སྲིང་དལ། ཐོན་ལས་ལ་གཅིག་གྱུར་འཆར་འགོད་དང་ཡུན་རིང་བསྒྲིགས་བཀོད། ཁེ་སྤོགས་དབྱེ་ཞིབ་བྱས་མེད་པས་ཐོན་ལས་ཀྱི་ཐེབས་རྩ་དང་འཁོར་རྒྱུག་མ་དངུལ་ལེགས་པོ་སྤྱོད་ཐུབ་མེད།  མཉམ་ལས་ཁང་སྣ་གཅིག་ཅན་ཡིན་པ་དང་ད་ཡོད་ཀྱི་མཉམ་ལས་ཁང་འཕེལ་རྒྱས་དལ། ལྔ་ནི་དམངས་འཚོའི་ཆུ་ཚད་དམའ། སློབ་སྔོན་སློབ་གསོའི་འཕེལ་རྒྱས་དལ་བ། འོས་འགན་སློབ་གསོའི་སྤུས་ཚད་ཞན་པ་དང་དགེ་རྒན་གྱི་བྱང་ཚད་ཆ་མཉམ་མེད། ཡུལ་གྲོང་ལ་སྨན་པ་དང་སྨན་རྫས་དཀོན། སྨན་བཅོས་འགན་བཅོལ་རྩིས་ཁྲ་འབུལ་བ་དཀའ་ཞིང་དལ་བ། ནད་ཡམས་ཚབས་ཆེན་གྱི་འགོག་བཅོས་ལས་དོན་རྫོང་ཡོངས་ལ་སྤེལ་ཐུབ་མེད།  སྤྱི་ཚོགས་འགན་སྲུང་བྱ་ཡུལ་གནད་ཁེལ་ཐུབ་མེད། དྲུག་ནི་རྩ་འཛུགས་ཀྱིས་འགན་སྲུང་བྱེད་ཤུགས་འདང་མེད། ཧྲུའུ་ཅི་དང་པོའི་འགན་ནུས་དང་བྱ་འགུལ་གཅིག་ཅན་ལྔའི་འགན་འཁྲིའི་ནུས་པ་གཙོ་བོ་འདོན་ཐུབ་མེད། ཡུལ་བཞུགས་ལས་བྱེད་པས་བྱ་བ་མི་སྒྲུབ་ནས་ངན་པ་ཁ་མཐུན་བྱེད་པའི་སྣང་ཚུལ་མངོན་གསལ་དོད། 
         གཉིས་པ། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ།
         གནས་ཚུལ་རྒྱུས་ལོན་བྱས་རྗེས་ཀྱི་གནད་དོན་དང་དཀའ་ངལ་དག་ལ་དམིགས་ཏེ། ཡུལ་གྲོང་དང་ལས་ཁུངས་སོ་སོའི་དབྱེ་ཞིབ་ཟབ་མོ་བྱས་ནས་རྒྱུ་རྐྱེན་བཙལ་རྗེས་ད་ལོར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཕྱོགས་དྲུག་ནས་སྒྲུབ་པར་ཐག་བཅད། གཅིག་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་བྱེད་ནས་རྨང་གཞི་སྒྲིག་བཀོད་ཇེ་ལེགས་བསྐྲུན། མ་དངུལ་དང་ལས་གཞི་གཅིག་ཏུ་བསྡུས་ནས་བརྡར་ཚང་ཡུལ་ཚོ་དང་སྙི་སྟོད་ཡུལ་ཚོ། རག་བཀྲམ་ཡུལ་ཚོ་སོགས་ཐག་རིང་ལུང་ཁུག་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་བསྐྲུན་ནས། ས་ཁོངས་འཕེལ་རྒྱས་དོ་མཉམ་གཏོང་རྗེས་རྫོང་ཡོངས་ལ་བདེ་སྐྱིད་དར་བར་འབད། གཉིས་ནི་མ་འཇོག་ལྟེ་གནས་དམངས་འཚོའི་ཁྱབ་ཁོངས་ལ་ཕྱོགས་ནས། མི་སེར་གྱི་ཆེས་དོ་སྣང་བྱེད་པའི་དམངས་འཚོའི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱེད། མི་རིགས་སློབ་གསོའི་འཕེལ་རྒྱས་ཐད་ནས་སྡེ་བར་བྱིས་སློབ་ཁང་སྐྲུན་ནས་སློབ་གསོའི་དབུལ་སྐྱོར་ལས་གཞི་སྐུལ་འདེད་གཏོང་།  སྨན་བཅོས་འཕྲོད་བསྟེན་ཐད་ནས་སྨན་བཅོས་འཕྲོད་བསྟེན་ཀྱི་དབུལ་སྐྱོར་སྲིད་ཇུས་ལག་ཏུ་བསྟར་ནས།  ས་གནས་ཀྱི་འགོས་ནད་ཚབས་ཆེན་ཞིབ་བཤེར་བརྟག་དཔྱད་དང་སྨན་བཅོས་བྱེད། སྤྱི་ཚོགས་འགན་སྲུང་ཐད་ནས་རྫོང་ཡོངས་ཀྱི་རྒན་རྒོན་ཁེར་མ་ཅན་སོགས་དམིགས་བསལ་མི་ཚོགས་དག་ཞིབ་བཤེར་གཙང་སེལ་བྱེད་ནས། རོགས་སྐྱོབ་བྱ་ཡུལ་ཚང་མར་རོགས་སྐྱོབ་ཐུབ་དགོས།  གསུམ་ནི་འཆམ་མཐུན་བརྟན་བརླིང་ཕྱོགས་ནས་ཁྲིམས་འགལ་ཅན་གྱི་དམངས་ཁྲོད་གྱོད་བཤད་ཚོགས་པ་བཙུགས་པ་དང་རང་འགུལ་གྱིས་གྱོད་བཤད་མི་ཆོག རྫོང་གིས་གྱོད་རྙིང་དང་ཡར་ཞུའི་གྱོད་དོན། འགར་གྱོད་གནད་ཆེན་སོགས་གཙོ་བོ་བྱས་ནས་ཐག་གཅོད་བྱེད་རྒྱུ་ཡིན། བཞི་ནི་མང་ཚོགས་ཀྱི་བསམ་བློ་ཡར་རྒྱས་ཕྱོགས་ནས་བསམ་པའི་གོ་རྟོགས་སད་དེ་རང་ཁ་རང་གསོ་བྱེད་དུ་འཇུག་དགོས། ལས་ཞུགས་ལག་རྩལ་གསོ་སྦྱོང་དང་སྤྱི་ཕན་ཅན་གྱི་ལས་གནས་གང་མང་སྤེལ་ནས། ངལ་རྩོལ་མི་སྣ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཆེས་ཉུང་ན་མི་གཅིག་ལས་ཞུགས་ཐུབ་དགོས།  ལྔ་ནི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཕྱོགས་ནས་དབུལ་སྐྱོར་སྲིད་ཇུས་དང་བསྟུན་ནས། ཐོན་ལས་དང་འོད་ནུས། ཡུལ་སྐོར་དང་དྲྭ་ཚོང་སོགས་དབུལ་སྐྱོར་གྱི་ཐབས་ལམ་གང་མང་ཕྱོགས་བསྡུས་རྗེས། སྡེ་བའི་མཉམ་ལས་ཁང་གོང་འཕེལ་གཏོང་། རྫོང་ཡོངས་ཡུལ་སྐོར་གྱི་སྐྱེ་ཁམས་ཞིང་འབྲོག་ཐོན་ལས་དང་མི་རིགས་ལག་བཟོའི་ཐོན་ལས། ཀྲུང་ལུགས་བོད་སྨན་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད། གེ་སར་རིག་གནས་ཚོང་དོན་གླིང་དང་འབྲོག་རྭ་ཐང་ཐོན་ལས་ཁུལ། ཝེན་ཅང་དང་གསེར་ཐར་གྱི་མཉམ་འཕེལ་གླིང་ཁུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། དྲུག་ནི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཕྱོགས་ནས་ཡུལ་ཚོ་དར་རྒྱས་གཏོང་བའི་ཐབས་ཇུས་དང་བསྟུན་ནས། གཉན་ལུང་ཡུལ་ཚོའི་ཆུ་དཀར་སྡེ་བ་ཚོད་ལྟ་བྱ་ཡུལ་བྱེད་ནས་གྲོང་ཚོའི་རྣམ་པ་དང་ཁྱིམ་ཚང་གི་གཙང་སྦྲ་ཇེ་ལེགས་སུ་ཕྱིན་དགོས། 
         གསུམ་པ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་མགྱོགས་ཞིང་ལེགས་པོ་སྒྲུབ་ཐུབ་དགོས་པ། 
         གཅིག་ནི་ཕྱོགས་རེ་རེར་འགན་བགོས་ནས་ཞིབ་ཐོ་ལས་རྗེས་མཇུག་སྡུད་དུས་ཚོད་ལྟར་སྒྲུབ་ཐུབ་དགོས།  གནས་ཚུལ་སྤེལ་རེས་དང་གྲོས་མོལ་མཐུན་སྦྱོར་གང་ལེགས་བྱེད་ནས་དབུལ་སྐྱོར་ཆེད་དོན་ལས་གཞི22དེ་ཡུལ་ཚོ་སོ་སོ་དང་དབུལ་ཕོངས་སྡེ་བ་སོ་སོར་ལས་གཞི་རེ་རེ་སྒྲུབ་ཚར་བར་ཁག་ཐེག་བྱེད་དགོས།  གཉིས་ནི་འགན་འཁྲི་རྩད་གཅོད་སྒྲིག་ལུགས་བྱེད་ཤུགས་ཇེ་ཆེར་གཏོང་། དབུལ་ཐར་འགག་སྒྲོལ་ལས་དོན་གྱི་འགན་འཁྲི་རྩད་གཅོད་སྒྲིག་ལུགས་བཙུགས་ནས། ལས་དོན་འདི་སྒྲུབ་མཁན་ཚོའི་ནང་ན་རྒྱུ་ཟ་ཟས་ཟ་དང་ལས་དོན་མི་སྒྲུབ་མཁན་དག་ལ་ཐག་གཅོད་ནན་མོ་བྱ་ངེས་ཡིན་པ་རེད། གསེར་ཐར་རྫོང་མི་དམངས་སྲིད་གཞུང་རྒྱ་བོད་ཡིག་སྒྱུར་ཁང་གི་ཨ་འཛི་བཟའ་ཀླུ་མཚོ་ནས། 
    ༄༅།།སི་ཁྲོན་དཀར་མཛེས་གསེར་ཐར་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་
རྩད་གཅོད་བྱེད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།