འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་
    ལུགས་ཀྱི་གཏན་འབེབས་དངོས་སུ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་20ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས་》པར་འགྲེམས་བྱས་ནས། རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་། དཔྱད་ཞིབ་རྟོག་ཞིབ། གཟེངས་བསྟོད་བྱ་དགའ། འགན་འཁྲི་བདའ་འདེད་བཅས་ཀྱི་ཐད་ཁ་གསལ་ལ་ཞིབ་ཅིང་ཕྲ་བའི་གཏན་འབེབས་བྱས་ཡོད་པ་རེད། དེ་ནི་རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་པོ་དེ་རེད་ལ། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཞིབ་ཕྲ་ཅན་དང་ལམ་ལུགས་ཅན་ཞིག་ཀྱང་རེད།
         གཏན་འབེབས་ནང་ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་མི་འདྲ་བ་ཁག་ལྔ་ཁ་གསལ་བཏོན་པ་དེའི་ནང་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ནི་ས་གནས་དེ་གའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་བ་ཨང་དང་པོ་ཡིན་པ་དང་། ཚན་ཁག་གི་ཁོངས་མི་གཞན་དག་གིས་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འགོ་ཁྲིད་ཀྱི་འགན་འཁུར་དགོས་པ་དང་། གཏན་འབེབས་ནང་རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་སྲིད་གཞུང་ཁྲོད་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་དེ་རྩ་དོན་ཐད་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུད་རྒྱུན་ཨུད་ཀྱི་བློ་མཐུན་གྱིས་ལས་བགོས་འགན་གཉེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཚུལ་ལ་རྣམ་པ་ཁག་ལྔ་ཡི་ཐོག་ནས་དཔྱད་ཞིབ་རྟོག་ཞིབ་བྱེད་རྒྱུ་མ་ཟད། དེ་འགན་སྒྲུབ་ཀྱི་ཞིབ་དཔྱད་གཏན་འཁེལ་དང་། ལས་བྱེད་པ་བསྐོ་སྤྱོད། བྱ་དགའ་ཆད་གཅོད་བཅས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ལ་བརྩི་རྒྱུ་ཡིན་པ་སྟེ། གཅིག་ནས་དེ་ཏང་ཨུད་དང་སྲིད་གཞུང་གི་ལྟ་ཞིབ་དང་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་ནང་དོན་ནང་བཅུག་ནས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་དང་། གཉིས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་སྐོར་ཞིབ་མུ་མཐུད་བྱེད་རྒྱུ། གསུམ་ནས་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་བཟོ་རྒྱུ། བཞི་ནས་དེ་ས་གནས་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིའི་ལོ་འཁོར་གྱི་དཔྱད་ཞིབ་དང་། དམིགས་ཚད་འགན་འཁྲིའི་དཔྱད་ཞིབ། ལས་རྗེས་དཔྱད་ཞིབ། དེ་བཞིན་དཔྱད་ཞིབ་གཞན་དག་བཅས་ཀྱི་ནང་འཇུག་རྒྱུ། ལྔ་ནས་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱིས་དཔྱད་ཞིབ་བྱས་ནས་འོས་མི་བསྐོ་སྤྱོད་བྱེད་རྩིས་བྱེད་སྐབས་དེའི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འགན་འཁྲི་སྒྲུབ་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ། དཔྱད་ཞིབ་བྱས་པའི་གྲུབ་འབྲས་དུས་བཀག་ལྟར་བྱེད་ཐབས་འོས་འཚམ་སྤྱད་ནས་ཡོངས་བསྒྲགས་བྱེད་པའམ་ཡང་ན་བརྡ་ཁྱབ་གཏོང་དགོས།
        གཏན་འབེབས་ནང་ཁ་གསལ་བཏོན་དོན། འགན་སྒྲུབ་དོན་ཐོག་ཏུ་མི་འཁྱོལ་བ་དང་། ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་རམ་ཡང་ན་ལས་འཛོལ་བརྟག་ཞིབ་ཐག་གཅོད་བྱེད་རྒྱུར་འགལ་རྐྱེན་བཟོ་བ་དང་ཐེ་ཇུས་བྱེད་པ་སོགས་ཀྱི་སྣང་ཚུལ་རིགས་ལྔ་ལ་འགན་འཁྲི་རྩད་གཅོད་བྱེད་རྒྱུ་དང་། ལས་ཐོག་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་རིགས་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་བརྟག་དཔྱད་བྱས་ནས་ཐག་གཅོད་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་གྱིས་རྐྱེན་པས་འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་བཏང་བའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པར་ཆ་མཚོན་ན། འབྲེལ་ཡོད་དུས་བཅད་ནང་དཔྱད་ཞིབ་ལེགས་འདེམས་དང་སྔོན་ཐོན་འདེམས་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་མ་ཟད། གོ་གནས་དང་རིམ་པ་སྤོར་མི་ཆོག་པའམ་ཡང་ན་ལས་གནས་གལ་ཆེན་ཐོག་འགན་ཁུར་མི་ཆོག་པ། ལས་དོན་ཡག་པོ་མ་སྒྲུབ་པའི་རྐྱེན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་ནས་མི་སྣ་ཤི་རྨས་བྱུང་བ་དང་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོས་པ། ཡང་ན་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོ་རིགས་ཀྱི་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་ཡོད་པའི་ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པ། ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པར་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐད་ལ་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་པ་མ་ཟད་ལས་འཛོལ་དང་འགན་འཛོལ་གྱི་ངོ་བོ་ཧ་ཅང་ཚབས་ཆེ་བ་དང་མཇུག་འབྲས་ངན་པ་བཟོས་རིགས་ལ་ལས་སྒྱུར་གནས་སྒྱུར་དང་། གོ་གནས་སྤོར་བའམ་ཡང་ན་རྒན་ཡོལ་ཞུས་པ་སོགས་གང་ཡིན་རུང་གང་ལྟར་ཚང་མར་ངེས་པར་དུ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
         གཏན་འབེབས་ནང་ད་དུང་གུ་ཡངས་བདའ་འདེད་དང་། འགན་འཁུར་མི་དགོས་པ། གཟེངས་བསྟོད་བྱ་དགའ་སྤྲོད་པ་བཅས་ཀྱི་ཆ་རྐྱེན་བཟོས་ཡོད། རང་འགུལ་ངང་གྱོང་གུན་གསབ་ཐབས་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་གྱོང་གུན་ཆུང་དུ་གཏོང་བའམ་ཡང་ན་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་མི་ཕོག་པ་བྱེད་མཁན་གྱི་ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པར་ཆ་མཚོན་ན། བདའ་འདེད་གཏོང་བའི་འགན་འཁྲི་གུ་ཡངས་དང་ཆག་ཡང་གཏོང་དགོས་པ། འགན་འཁྲིའི་ཁྱབ་ཁོངས་ནང་ཐོན་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ལ་ཆ་མཚོན་ན། རྩད་ཆོད་མཐའ་གསལ་བརྒྱུད་འབྲེལ་ཡོད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་འབྲེལ་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ས་གནས་ཀྱི་འབྲེལ་ཡོད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་མི་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་ལས་དོན་གལ་ཆེན་གྱི་འགན་འཁུར་བ། ཉེན་འགོག་སྐྱོབ་སྲུང་ནང་ཞུགས་པ་སོགས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་གཏོད་པ་དང་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པར་ཆ་མཚོན་ན། གོང་རིམ་ཏང་ཨུད་དང་སྲིད་གཞུང་གིས་དུས་ཐོག་ཏུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྤྲོད་དགོས་པ། བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དཔྱད་ཞིབ་ཁྲོད་གྲུབ་འབྲས་ཕུལ་བྱུང་ཐོབ་པའི་ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པར་ཆ་མཚོན་ན། གོང་རིམ་ཏང་ཨུད་དང་སྲིད་གཞུང་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བྱས་རྗེས་འགོད་པའམ་ཡང་ན་བྱ་དགའ་སྤྲོད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།
         གཏན་འབེབས་དེ་2018ལོའི་ཟླ་4ཚེས་8ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། དེ་ནི་འཕྲལ་སྡོམ་དོ་དམ་པུས་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་གྲོས་མོལ་བྱས་ནས་འགྲེལ་བཤད་བརྒྱབ་པ་ཞིག་ཡིན་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་འབྲེལ་ཡོད་ལག་བསྟར་ཞིབ་སྲོལ་བཟོ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།