འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བཟོ་ལས་ཕྱོགས་སྒྱུར་རིམ་སྤོར་ལས་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་ལ་
    སྐུལ་འདེད་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་18ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་སྦྲགས་རང་རྒྱལ་གྱི་བཟོ་ལས་དཔལ་འབྱོར་གྱི་ཕྱོགས་སྒྱུར་རིམ་སྤོར་དང་། སྒུལ་ནུས་བརྗེ་སྒྱུར། གྲུབ་ཆ་ལེགས་སྒྲིག་བཅས་ཀྱི་གོམ་སྟབས་ཀྱང་མྱུར་དུ་ཕྱིན་པ་མ་ཟད། དཔལ་འབྱོར་གྱི་རིགས་མི་འདྲ་བའི་ཁེ་ལས་ཀྱང་བརྟན་པོའི་ངང་འཕེལ་རྒྱས་ཅུང་མྱུར་པོ་ཕྱིན་ནས་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཁྲོད་ཡར་འཕེལ་དང་བརྟན་ཁྲོད་ལེགས་འཕེལ་གྱི་འཕེལ་རྒྱས་དུས་བབ་བརྟན་ཚུགས་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད།
         བསྡོམས་རྩིས་ལས་མངོན་པར། 2012ལོ་ནས་2017ལོ་བར། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་བཟོ་ལས(བཟོ་ལས་དཔལ་འབྱོར་ནང་བཟུང་བའི་བསྡུར་ཚད་90%ཡས་མས་ཟིན་པ)ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་7.4%དངོས་སུ་འཕར་ཡོད། དེའི་ནང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ལ་ལོ་རེར་ཆ་སྙོམས་4.3%འཕར་བ་དང་། སྒེར་གཉེར་ཁེ་ལས་ལ་ལོ་རེར་ཆ་སྙོམས་8.9%འཕར་བ། ཕྱི་རྒྱལ་གྱི་ཚོང་པ་དང་ཀང་ཨའོ་ཐའེ་གསུམ་གྱི་ཚོང་པས་མ་རྩ་བཏང་བའི་ཁེ་ལས་ལ་ལོ་རེར་ཆ་སྙོམས་5.9%འཕར་བ་བཅས་རེད།
         གཞུང་ཁོངས་ཁེ་ལས་རྒྱུན་མཐུད་ལེགས་སུ་དང་སྟོབས་ཆེར་ཕྱིན་ཞིང་། 2017ལོར་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ལ་དབང་བའི་རྒྱུ་ནོར་བསྡོམས་སྒོར་དུང་ཕྱུར་ཁྲི་42.5ཟིན་ནས་2012ལོ་ལས་སྒོར་དུང་ཕྱུར་ཁྲི་11.3འཕར་བ་དང་ལོར་ཆ་སྙོམས་འཕར་ཚད་6.4%ཟིན་པ་དང་། རྒྱུ་ནོར་བསྡོམས་འབོར་གྱིས་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་རྒྱུ་ནོར་ཡོངས་སུ་བཟུང་བའི་བསྡུར་ཚད་2012ལོའི་40.6%ནས་2017ལོའི་37.9%བར་ཆག་ཡོད། ཕྱོགས་གཅིག་ནས་གཞུང་ཁོངས་ཁེ་ལས་ཀྱིས་འཐབ་ཇུས་རང་བཞིན་གྱི་ཁྱབ་ཁོངས་གལ་ཆེན་དུ་ཚོད་འཛིན་གནས་བབ་བཟུང་བས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་གཞུང་ཁོངས་ཁེ་ལས་ཀྱིས་འགྲན་རྩོད་རང་བཞིན་སྤྱིར་བཏང་གི་ཁྱབ་ཁོངས་ནས་རིམ་བཞིན་ཕྱིར་འཐེན་བྱས་པས་ཡིན། བཟའ་བཅའ་ཐོན་སྐྱེད་དང་། བཏུང་བྱ་ཐོན་སྐྱེད། འཁེལ་འཐག་གྱོན་གོས། འཛིན་ཆས་ཐོན་སྐྱེད། སྨན་རྫས་ཐོན་སྐྱེད། འཛུགས་སྐྲུན་རྒྱུ་ཆ། ལྕགས་རིགས་ཐོན་རྫས། བརྟག་དཔྱད་ཡོ་ཆས་སོགས་ལས་རིགས་སུ་གཞུང་ཁོངས་དཔལ་འབྱོར་ཁེ་ལས་ཀྱི་གྲངས་འབོར་དང་དཔལ་འབྱོར་ཐོབ་སྐལ་ཚང་མ་རྒྱུན་ཆད་མེད་པར་ཉུང་དུ་དང་ཆག་འགྲོ་བཞིན་ཡོད།
         སྒེར་གཉེར་ཁེ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཅིང་། བསྡོམས་རྩིས་ལས་མངོན་པར། 2017ལོར་གཞི་ཁྱོན་ཆེ་བའི་སྒེར་གཉེར་བཟོ་ལས་ཁེ་ལས་ཀྱི་གྲངས་འབོར་ཁྲི་22.2ཟིན་ནས་2012ལོ་ལས་ཁྲི་3.3མང་དུ་ཕྱིན་པ་དང་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཡོངས་ཀྱི་གྲངས་འབོར་ནང་བཟུང་བའི་བསྡུར་ཚད་57.7%ཟིན་པ་དང་། གཙོ་གཉེར་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་34.4%ཟིན་ནས་2012ལོ་ལས་བརྒྱ་ཆའི་གྲངས་3.7འཕར་བ། ལས་མི་སྤྱོད་ཚད་མི་ཁྲི་3271ཟིན་ནས་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་ལས་མི་སྤྱོད་ཚད་ནང་བཟུང་བའི་བསྡུར་ཚད་36.9%ཟིན་ནས་2012ལོ་ལས་བརྒྱ་ཆའི་གྲངས་4.3འཕར་ཡོད།
         ཕྱི་རྒྱལ་ཚོང་པ་དང་ཀང་ཨའོ་ཐའེ་གསུམ་གྱི་ཚོང་པས་མ་རྩ་བཏང་བའི་ཁེ་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་བཟོ་ལས་དཔལ་འབྱོར་གྱི་འཕེལ་རྒྱས་བརྟན་ལ་ལེགས་པོ་ཡོང་རྒྱུར་སྐུལ་འདེད་ཐེབས་ཤིང་། གྲངས་གཞི་ལས་མངོན་པར། 2017ལོར་གཞི་ཁྱོན་ཆེ་བའི་ཕྱི་རྒྱལ་ཚོང་པ་དང་ཀང་ཨའོ་ཐའེ་གསུམ་གྱི་ཚོང་པས་མ་རྩ་བཏང་བའི་བཟོ་ལས་ཁེ་ལས་ཀྱི་གྲངས་འབོར་ཁྲི་4.99ཟིན་ནས་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཡོངས་ཀྱི་གྲངས་འབོར་ནང་བཟུང་བའི་བསྡུར་ཚད་12.9%ཟིན་པ་དང་། རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་22.5ཟིན་ནས་2012ལོ་ལས་སྒོར་དུང་ཕྱུར་ཁྲི་5.3འཕར་བ། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་25.9ཟིན་ནས་2012ལོ་ལས་སྒོར་དུང་ཕྱུར་ཁྲི་3.7འཕར་བ། ལས་མི་སྤྱོད་ཚད་མི་ཁྲི་2088.6ཟིན་ནས་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་ཀྱི་ལས་མི་སྤྱོད་ཚད་ནང་བཟུང་བའི་བསྡུར་ཚད་23.6%ཟིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།