འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བོད་ཀྱི་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་བའི་གཙོ་ཤུགས་དམག་ལ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་ལ་དམིགས་ནས་འདུ་ཤེས་གསར་པར་ཤུགས་སྣོན་བརྒྱབ་པ་དང་འཕེལ་རྒྱས་གསར་པར་སྣེ་ཁྲིད་དང་ཚོང་དོན་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས“ནང་འདྲེན་ཐུབ་པ་དང་། ཡག་པོ་གནས་ཐུབ་པ། དོ་དམ་ཡག་པོ་བྱེད་ཐུབ་པ”བཅས་བྱུང་ཡོད། བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་ཐོ་འགོད་སྟབས་བདེ་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཐོ་འགོད་མ་རྩ་དངོས་བསྡུ་དེ་མ་རྩ་བསྡུ་རྒྱུ་ཁས་ལེན་བྱེད་པར་གྱུར་བ་དང་། “སྔོན་ལ་ལས་གཉེར་ལག་ཁྱེར་བླངས་ནས་རྗེས་སུ་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་ལེན་རྒྱུ”ལག་བསྟར་བྱས་པ། བཟོ་ཚོང་ཐོ་འགོད་མ་བྱས་གོང་གི་ཞིབ་མཆན་དོན་ཚན་ཁག་ཁུ་བསྡུ་བཅས་བྱས་ནས“ལག་ཁྱེར་གསུམ་སྒྲིལ”དང་། “ལག་ཁྱེར་ལྔ་སྒྲིལ”“ལག་ཁྱེར་གཉིས་སྒྲིལ”བཅས་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་ཏེ་བསྐྱར་ཐོ་འགོད་པའི་བྱ་སྤྱོད་ཉུང་དུ་བཏང་བ་དང་སྲིད་གཞུང་དང་ཁེ་ལས་ཀྱི་མ་གནས་དམའ་རུ་བཏང་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་དྲང་སྙོམས་དང་ལྷུག་པ་དང་ནུས་ཆེ་སྟབས་བདེའི་ཆོག་འཐུས་བགྲོད་ལམ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱས་རྗེས་བོད་དུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་14.58གསར་སྣོན་བྱས་པ་དེ་སྒྱུར་བཅོས་གོང་གི་སྤྱི་འབོར་ལས་བརྒལ་ནས་ཆ་སྙོམས་ཉིན་རེར་ཁྲོམ་རའི་བྱེད་པོ་དུད་ཚང་118གསར་སྣོན་བྱུང་བ་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་མི་ཁྲི་80ལྷག་ཙམ་ལས་བརྒལ་ཡོད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་བོད་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་དཔལ་འབྱོར་ལ་སྐུལ་སྤེལ་གཏོང་བའི་གཙོ་ཤུགས་དམག་ལ་གྱུར་ཡོད། མིག་སྔའི་བར་བོད་དུ་ཡོང་ནས་ཚོང་རྒྱག་མཁན་ལྗོངས་ཕྱིའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དུད་ཚང་ཁྲི་10.4ཙམ་ཟིན་པ་དེས་བོད་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་56%བཟུང་ནས་བོད་འདི་ཉིད་རྒྱལ་ཡོངས་དམངས་གཉེར་དཔལ་འབྱོར་གྱིས་མ་འཇོག་ལས་གཏོད་ཀྱི་མཆོག་ཏུ་གྱུར་པའི་ས་ཆར་གྱུར་ཡོད།
         བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་ཁེ་ལས་ཀྱི“མགྱོགས་མྱུར་ཆོག་འཐུས་དང་བདེ་བླག་ངང་བཙུགས་པ”དང“ཉ་དང་ཆུ་བོ་འགྲོགས་པ་བཞིན་སྐྱེ་སྟོབས་ཆེན་པོས་འཚར་ལོངས་ཡོང་བའི”དམིགས་ཚད་ཀྱི་བླང་བྱར་དམིགས་ནས་རིམ་ཁག་བཟོ་ཚོང་ལས་ཁུངས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཁག་ལ་འབྲེལ་བ་བྱས་ནས་གཙོ་གནད་ཀྱི་ཞབས་ཞུ་བྱ་ཡུལ་དུ་བྱས་ཏེ་འགོ་ཁྲིད་དང་འབྲེལ་བ་བྱེད་པ་དང་འཚམས་འདྲིའི་ལམ་ལུགས་ལག་བསྟར་བྱས་ནས་བཟོ་ཚོང་ཕྱོགས་བསྡུས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་མིང་ཐོའི་མ་ལག་བཟོས་ནས་དྲ་ཐོག་ཏུ་བཏོན་རྗེས་བོད་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མིང་ཐོའི་མ་ལག(བོད་ལྗོངས)མཉམ་དུ་བཟོས་ཏེ་བཟོ་འཕྲིན་དང་། ནོར་སྲིད། མི་སྤྱི། ཚོང་དོན་སོགས་ཚན་པ་12དང་ས་གནས་སྲིད་གཞུང་ཁག་གི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཁེ་ལས་ཀྱི་འཕེལ་རྒྱས་དང་དབུལ་སྐྱོར་སྲིད་ཇུས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་དང་ལས་གཏོད་རོགས་སྐྱོར་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་རྗེས་འདེད་དབྱེ་ཞིབ་དང་བརྟག་ཞིབ་ལས་དོན་ཧུར་ཐག་སྤེལ་རྒྱུ་ཡིན་པ་རེད།
         ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྦྲགས་བོད་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་གནས་བབ་དང་ཕན་ནུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཁྲོད་གཉེར་སྐྱོང་མ་གནས་མཐོ་པོ་ཡོད་པ་དང་། རང་གཏོད་ནུས་པ་ཞན་པ། དངུལ་བུན་གཡར་བ་དང་མ་རྩ་མཉམ་འདྲེས་དཀའ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པར་དམིགས་ནས་བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་གོམ་སྟབས་རྗེས་མར་བྱ་ཐབས་སྣ་མང་སྤྱད་དེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།