འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཚན་རྩལ་ལ་བརྟེན་ནས་སྔོ་ཚལ་ཐོན་སྐྱེད་ལ་འདེགས་སྐྱོར་བྱས་པས་ས་མཐོའི་མང་ཚོགས་
    ཀྱི་བཟའ་བཅར་འགྱུར་ལྡོག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚན་རྩལ་རྒྱུན་ཆད་མེད་པར་དར་རྒྱས་ཕྱིན་པ་དང་ཆབས་ཅིག་མཚོ་སྔོན་ས་མཐོའི་མང་ཚོགས་ཀྱི་བཟའ་བཅར་འགྱུར་ལྡོག་བྱུང་ནས་དེ་སྔ་ཡུལ་དེ་རང་ནས་ཐོན་པའི་ནོར་ལུག་གི་ཤ་དང་ཕྱི་ནས་ནང་འདྲེན་བྱས་པའི་སྔོ་ཚལ་མཉམ་དུ་སྦྱོར་སྡེབ་ཀྱི་རྒྱུན་གཏན་བཟའ་བཅའ་ད་ལྟ་ཡུལ་དེ་རང་ནས་ཚང་མ་ཐོན་སྐྱེད་ཐུབ་ཀྱི་ཡོད།
         མཚོ་སྔོན་ཞིང་ཆེན་འདི་ཉིད་མཚོ་བོད་ས་མཐོར་གནས་པ་དང་། ས་བབ་མཐོ་ལ་གསོ་རླུང་དཀོན་པ་དང་གནམ་གཤིས་སྐྱོ་བས་དུས་ཡུན་རིང་པོའི་ནང་ཞིང་ཆེན་ནང་ཁུལ་གྱི་ཤར་རྒྱུད་ས་ཁུལ་དུ་པད་ཁ་དང་ཞོག་ཁོག་སོགས་ཕྲན་བུ་འདེབས་འཛུགས་བྱེད་པ་ལས་ས་ཁུལ་གཞན་དག་ཚང་མས་འབྲོག་ལས་གཙོ་བོར་འཛིན་གྱི་ཡོད། མང་ཚོགས་ཀྱི་བཟའ་བཏུང་རིགས་མང་པོ་མེད་པ་དང་སྔོ་ཚལ་སྤྱིར་ན་ཕྱི་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད།
         སྔོན་ཆད་གང་ཟ་འདོད་ཀྱང་དེ་མེད་པ་དང་གང་ཡོད་པ་དེ་ཟ་བ་ནས་ད་ཆ་གང་ཟ་འདོད་པ་དེ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་དྲོད་ཁང་དང་ཉི་འོད་ནུས་པ་སོགས་ཀྱི་ལག་རྩལ་སྤྱད་དེ་མཚོ་སྔོན་གྱིས་སྔོ་ཚལ་ས་ཆ་དེ་རང་ནས་ཐོན་སྐྱེད་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་མི་སེར་རྣམས་ལ་ས་ཆ་དེ་རང་ནས་རིན་གོང་ཆུང་ལ་སྤུས་ཚད་ལེགས་པའི་སྔོ་ཚལ་སོས་པ་བཟའ་རྒྱུ་བྱུང་ཡོད། “མཚོ་སྔོན་གྱི་ས་མཐོའི་སྔོ་ཚལ་སྐྱོན་བྲལ་ངང་ཐོན་སྐྱེད་བྱེད་པའི་འདུ་ཤེས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་ཚན་རིག་མཐུན་ཚོགས་ཀྱི་ལྟ་བ་གསར་པ་དང་གཞུང་ལུགས་གསར་པའི་རིག་གཞུང་འདུ་ཚོགས་ཉེ་ཆར་ཟི་ལིང་གྲོང་ཁྱེར་དུ་གཉེར་བ་དང་། འདུ་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྔོ་ཚལ་འདེབས་གསོའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་29ཡིས“སྔོ་ཚལ་སྐྱོན་བྲལ་ངང་ཐོན་སྐྱེད་ཀྱི་ལག་རྩལ་གསར་པར”གཞིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་མཚོ་སྔོན་གྱི་སྔོ་ཚལ་ཞིབ་འཇུག་དང་ཐོན་སྐྱེད་རྟེན་གཞི་གཙོ་བོར་རྟོག་ཞིབ་བྱས་པ་རེད།
         “དགུན་ཁ་དྲོད་ཚད་དམའ་བས་སུར་པན་འདེབས་ཐབས་མེད། ཉི་འོད་ནུས་རྒྱུ་བསྲི་ཚགས་དྲོད་ཁང་གི་ལག་རྩལ་བེད་སྤྱད་རྗེས་ད་ཆ་མཚོ་སྔོན་རང་དུ་སུར་པན་ལོ་འཁོར་མོར་ཁྲོམ་རའི་ཐོག་འདོན་རྒྱུ་ཡོད་པ་མ་ཟད། ད་དུང་སོ་ལོ་དམར་པོ་སོགས་བྲོ་བ་ཆེ་བའི་རིགས་གསར་པ་མང་པོ་ཞིག་ཐོན་ཡོད”ཅེས་ལི་ལིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་དེ་དག་ནི་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་མཁའ་རླུང་གཙང་ཞིང་སྦགས་གཙོག་མེད་པ་སོགས་རང་བྱུང་གི་ལེགས་ཆ་ལས་ཕན་པ་ཐོབ་པས་མཚོ་སྔོན་གྱི་སྔོ་ཚལ་སྤུས་ཚད་དེ་བས་ཡག་པའི་ཁར་དབྱར་ཁ་ཕྱི་རོལ་དུ་སྔོ་ཚལ་ཐོན་སྐྱེད་ཀྱི་ལེགས་ཆ་ལྡན་པས་མཚོ་སྔོན་གྱི་སྔོ་ཚལ་ཐོན་ལས་ལ་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ལྡན་ཡོད། “ཉེ་བའི་ལོ་ཤས་རིང་སྣ་ཁ་གསར་པ་དང་ལྗང་གསོའི་ལག་རྩལ་དང་། ཆུ་ལུད་གཞི་གཅིག་ཅན། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཕྱོགས་བསྡུས་ལེ་ལག་ཚང་བའི་ལག་རྩལ་སྤྱད་པ་དང་བསྟུན་ནས་མཚོ་སྔོན་གྱིས་ཐོན་སྐྱེད་བྱེད་པའི་སྔོ་ཚལ་གྱི་རིགས་མང་དུ་དང་ཐོན་ཚད་འཕར་བ་མ་ཟད་སྤུས་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད”ཅེས་བཤད།
         རྒྱལ་ཁབ་སྔོ་ཚལ་འདུ་འགོད་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལིའུ་མིང་ཁྲེ་ཡིས་མིག་སྔར་མཚོ་སྔོན་ས་ཁུལ་གྱི་སྔོ་ཚལ་ཐོན་སྐྱེད་ཐད་སྣ་ཁ་ཕུན་སུམ་ཚོགས་པོ་མེད་པ་དང་། རང་ཁ་རང་གསོ་བྱེད་ཚད་མི་འདང་བ། སྤུས་རྟགས་ཀྱི་སྔོ་ཚལ་དཀོན་པ་སོགས་ཀྱི་གནད་དོན་ཡོད། “འབྱུང་འགྱུར་མཚོ་སྔོན་གྱི་སྔོ་ཚལ་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་པར་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས། འོད་ཤུགས་ཚ་ནུས་ཐོན་ཁུངས་དང་། ཆུའི་ཐོན་ཁུངས། སྐྱེ་ལྡན་ལུད་ཀྱི་ཐོན་ཁུངས་བཅས་ལུགས་མཐུན་ངང་བེད་སྤྱོད་བྱེད་པ་དང་། སྒྲིག་བཀོད་ཚད་ལྡན་ཅན་མུ་མཐུད་མཐོ་རུ་གཏོང་བ། སྒྲིག་བཀོད་ཞིང་ལས་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ་དང་། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པའི་ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་བཅས་ཀྱི་རྣམ་པ་ཆགས་པར་བྱེད་དགོས”ཞེས་ལིའུ་མིང་ཁྲེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།