འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།

    —— རྒྱལ་ཁབ་མང་པོ་ཞིག་གི་མི་སྣའི་མིག་ནང་གི་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་རྩ་ཁྲིམས་དམ་འཇོག་མཛད་སྒོ

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་དཀར་སེམས་དཀར་བྱས་ནས་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་དམ་བཅའ་འཇོག་པ་ལ་སོགས”གྲོལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་རིང་བདམས་ཐོན་བྱུང་བའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་རྩ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྩ་ཁྲིམས་ལ་དམ་འཇོག་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གི་མི་སྣས་རྩ་ཁྲིམས་ཀྱི་དམ་འཇོག་ནི་གཟི་བརྗིད་ལྡན་པའི་མཛད་སྒོ་ཞིག་རེད་ལ། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་དང་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་འདུ་ཤེས་གསལ་པོ་མངོན་པར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེས་སྤྱི་ཚོགས་ལ་རྩ་ཁྲིམས་བརྩི་སྲུང་དང་རྩ་ཁྲིམས་སྲུང་སྐྱོང་བྱ་ཆེད་མིག་དཔེ་སྟོན་ཡོད་ཅེས་བཤད།
         ཨ་རིའི་《གོ་ལ་ཧྲིལ་པོའི་ཐབས་ཇུས་ཆ་འཕྲིན་》དུས་དེབ་ཁང་གི་ཝ་ཧྲིང་ཐོན་ཡན་ལག་ཁང་གི་ཧྲེ་ཀྲང་ཝུའེ་ལེན·ཆུང་སིས། རྩ་ཁྲིམས་དམ་འཇོག་དེ་ད་རེས་ཀྲུང་གོའི་རྩ་ཁྲིམས་ནང་བཀོད་པ་དེ་ནི་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་བྱེད་ཐབས་ཤིག་རེད། “རྩ་ཁྲིམས་དམ་འཇོག་དེ་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་དེས་ཀྲུང་གོའི་འགོ་ཁྲིད་པས་ཀྲུང་གོའི་དུས་རབས་གསར་པ་དང་ཁ་ཕྱོགས་གསར་པར་འགན་འཁྲི་འཁུར་ཕོད་པ་བྱེད་ལུགས་གསལ་པོར་མངོན་ཡོད”ཅེས་བཤད།
         ཨ་ཟེར་བྷེ་ཇན་རྒྱལ་ཁབ་ཚན་རིག་ཁང་ཤར་ཕྱོགས་ཞིབ་འཇུག་སུའོ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཞིབ་འཇུག་པུའི་ཀྲུའུ་རེན་ལཱ་ཧྥེ་ཁེ·ཨ་པ་སུའོ་ཕུའུ་ཡིས། ད་རེས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་སྐབས་གསར་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་བདམས་ཐོན་བྱུང་བ་མ་ཟད། རྩ་ཁྲིམས་དམ་འཇོག་མཛད་སྒོ་ཡང་འཚོགས་པ་དེར་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་། གསར་དུ་བདམས་ཐོན་བྱུང་བའི་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་སྣེ་ཁྲིད་དཔེ་སྟོན་བྱེད་པ་དང་རྩ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་རྩ་ཁྲིམས་ལ་དམ་འཇོག་བྱས་ནས་སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་ལ་གོང་བཀུར་དང་རྩ་ཁྲིམས་ལ་བརྩི་སྲུང་ཞུ་བའི་མིག་དཔེ་ཞིག་བཏོན་ཡོད་ཅེས་བཤད།
         ཝེ་ཐེ་ནམ་གྱི་ཇུས་འདོན་ཚོགས་པའི་འཐབ་ཇུས་དང་རྒྱལ་སྤྱི་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་རོན་ཡུས་ཁྲང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་རེས་ཀྱི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུའི་རིང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་རྩ་ཁྲིམས་དམ་འཇོག་མཛད་སྒོ་འཚོགས་པ་དེ་ཐོག་ནས“ཀྲུང་གོའི་འགོ་ཁྲིད་པས་རྩ་ཁྲིམས་ལ་བརྩི་སྲུང་ཞུ་ལུགས་དང་མི་དམངས་ལ་བརྩི་བཀུར་ཞུ་བའི་སྙིང་སྟོབས་གང་ལེགས་མཚོན་པ་དང་། འཛམ་གླིང་ལ་དེང་རབས་ཅན་གྱི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱས་ཡོད”ཅེས་བཤད།
         པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དགེ་རྒན་ཆེ་མོ་བ་པར་ཙིར་དང་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་ཨའེ་དབན་ཏེ་ལུའོ·ཁཱ་ཝ་ལུའོ་ཡིས་བལྟས་ན། རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་བྱེད་པ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་རེད། “གཞུང་ཞབས་པས་འགན་བཞེས་སྐབས་ཡོངས་བསྒྲགས་ངང་རྩ་ཁྲིམས་ལ་དམ་འཇོག་བྱས་པ་དེར་དོན་སྙིང་གལ་ཆེན་ལྡན་པ་དང་། དེས་ཀྲུང་གོའི་ཁྲིམས་སྐྱོང་རིག་གནས་འཐུས་སྒོ་ཚང་དུ་ཕྱིན་པ་དང་དེ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བའི་དགེ་མཚན་ལྡན་པའི་བྱ་ཐབས་ཤིག་ཡིན་པ་རེད”
         ཧྥིན་ལན་གྱི་བཅའ་ཁྲིམས་དགེ་རྒན་ཆེ་མོ་བ་ཧེར་སིན་ཁི་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་དེ་སྔའི་ཡོན་ཀྲང་ཅི་མུའོ·ནུའུ་ཨོ་ཏི་ཨོ་ཡིས། རྩ་ཁྲིམས་དམ་འཇོག་ལམ་ལུགས་དེ་རྩ་ཁྲིམས་ནང་བཀོད་ནས་རྒྱལ་ཁབ་ཀྱི་ལས་དོན་པ་ཡོངས་རྫོགས་ཀྱིས་འགན་བཞེས་སྐབས་མང་ཚོགས་ཀྱི་མདུན་དུ་རྩ་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུའི་དམ་བཅའ་འཇོག་དགོས་པའི་གཏན་འབེབས་བྱས་པ་དེ་ནི་དགེ་མཚན་ལྡན་པའི་བརྡ་རྟགས་ཤིག་རེད། “དེ་ཐོག་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པ་སྔར་བས་གསལ་པོར་མངོན་པས་རྩ་ཁྲིམས་ལ་བརྩི་སྲུང་ཐུབ་ངེས་རེད”ཅེས་བཤད།
         ཧྥིན་ལན་གྱི་བུད་མེད་ཁེ་ལས་མཁས་ཅན་ཞིའར་ཁུའུ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་འགན་བཞེས་སྐབས་རྩ་ཁྲིམས་ལ་དམ་འཇོག་བྱས་པ་དེ་ནི་རྩ་ཁྲིམས་ཀྱི་དབང་གྲགས་ལ་བརྩི་སྲུང་ཞུས་པ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ཡོངས་ལ་ཁས་ལེན་བྱས་པ་ཞིག་ཀྱང་ཡིན་པས་དེ་ནི་བྱེད་ཐབས་ཧ་ཅང་ཡག་པོ་ཞིག་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།