འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་བོད་ལྗོངས་ཀྱིས་ལྗོན་ཤིང་མེད་པའི་གྲོང་ཚོ་700ལྷག་ཙམ་ལ་ལྗོན་ཤིང་འདེབས་
    རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ན་ནིང་བོད་ལྗོངས་ཀྱིས་ས་བབ་མཐོ་ཚད་སྨི་4300མན་གྱི་ཤིང་འཛུགས་རྒྱུར་འཚམ་པའི་ས་ཁུལ་དུ་ལྗོན་ཤིང་མེད་པའི་གྲོང་ཚོ་དང་དུད་ཚང་ལ་ལྗོན་ཤིང་འདེབས་པའི་བྱ་སྤྱོད་ཐོག་མར་སྤེལ་ནས་ལོ་ཧྲིལ་པོར་ལྗོན་ཤིང་མེད་པའི་གྲོང་ཚོ་113དང་ལྗོན་ཤིང་མེད་པའི་དུད་ཚང་21683ལ་ལྗོན་ཤིང་བཏབ་ཡོད། འདི་ལོར་ལྗོན་ཤིང་མེད་པའི་གྲོང་ཚོ་700ལྷག་ཙམ་ལ་ལྗོན་ཤིང་བཏབ་ནས་སླད་ཕྱིན་འཛམ་གླིང་ཡང་རྩེའི་གྲོང་ཚོ་གང་སར་ལྗོན་ཤིང་ཁེབས་པར་བྱ་རྒྱུ་རེད།
         ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་གསལ། བོད་ཀྱི་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་མ་དངུལ་ལོ་རེ་བཞིན་རིམ་པས་མང་དུ་བཏང་བ་དང་ན་ནིང་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་36.02གནས་སར་དོན་འཁྱོལ་བྱུང་བ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་2མང་དུ་ཕྱིན་ཏེ“གཙང་པོ་གཉིས་དང་ཆུ་བོ་བཞིའི”ཤིང་འཛུགས་སྔོ་འགྱུར་དང་། རྨོ་བསྐྱུར་ནགས་གསོ། བྱེ་འགོག་བྱེ་བཅོས། འདམ་ར་སྲུང་སྐྱོང་སླར་གསོ། རང་བྱུང་ནགས་ར་སྲུང་སྐྱོང་། ནགས་ཚལ་གྱི་མེ་ཟོན་དང་དེ་བཞིན་ནགས་ལས་ཀྱི་གནོད་འབུ་འགོག་བཅོས་སོགས་ནགས་ལས་ཀྱི་གཙོ་གནད་འདུ་འགོད་འཛུགས་སྐྲུན་ལག་བསྟར་ཏན་ཏིག་བྱ་རྒྱུའི་འགན་ལེན་བྱས་ཡོད། འདི་ལོར་མུའུ་ཁྲི་110ཡན་ལ་ནགས་བཟོ(བྱེ་འགོག་བྱེ་བཅོས་ཚུད)བྱས་ནས་ལྗོན་ཤིང་མེད་པའི་གྲོང་ཚོ་754དང་ལྗོན་ཤིང་མེད་པའི་དུད་ཚང་66232ལ་ལྗོན་ཤིང་འདེབས་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་འགན་འཁྲིའི་ཡི་གེ་བཞག་ནས“ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཚང”ལ་ལྗོན་ཤིང་འདེབས་རྒྱུ་རེད། 《ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས་》ནང་2017ལོ་ནས་2019ལོ་བར་བོད་ཀྱིས་ལོ་ལྟར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་100ཡན་བྱས་ནས་ས་བབ་མཐོ་ཚད་སྨི་4300མན་གྱི་ཤིང་འཛུགས་རྒྱུར་འཚམ་པའི་ས་ཁུལ་དུ“ལྗོན་ཤིང་མེད་པའི་ཤང་དང་གྲོང་རྡལ་དང་། ལྗོན་ཤིང་མེད་པའི་གྲོང་ཚོ་དང་ཚོགས་ཆུང་། ལྗོན་ཤིང་མེད་པའི་སྒོ་ར། ལྗོན་ཤིང་མེད་པའི་ཞིང་དུད་བཅས་ལ་ལྗོན་ཤིང་འདེབས་པ་དང་ལྗོན་ཤིང་མེད་པའི་སྟོང་ཆ་གསབ་རྒྱུ”ཡིན་པ་འཁོད་ཡོད།
         ས་བབ་མཐོ་ཚད་སྨི་4300ཡི་ས་ནི་ས་བབ་མཐོ་བའི་ས་ཆ་ཡིན་སྟབས་དེ་ཡན་ལ་ལྗོན་ཤིང་མི་སྐྱེ་བའི་ཚད་དུ་བརྩི་ཡི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།