འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྨ་ལྷོ་ཀྲོའུ་རྐ་གསར་རི་གྲོང་ཚོར་འཇིམ་བཟོའི་ལག་རྩལ་ལས་འབབ་འཕར་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་རྫོང་རྐ་གསར་རི་གྲོང་ཚོའི་འཇིམ་བཟོའི་ལག་ཤེས་བཟོ་རྩལ་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་འཛིན་པ་སྐལ་བཟང་ཚེ་རིང་གི་ཁྲིད་སྦྱོང་ལྟེ་གནས་སུ་འཇིམ་བརྙན་ཞིག་བཟོ་ཁང་དུ་བསྒྲིགས་ནས་བཞག་འདུག འཇིམ་བརྙན་དེ་ནི་རྒན་རྒོན་གཉིས་དཀྱིལ་ཀྲུང་དུ་བསྡད་པའི་འགྲམ་དུ་ཚ་བོ་ཆུང་ཆུང་ཞིག་བསྙེས་ནས་ཡོད་ཅིང་། ཁོང་ཚོའི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་དུ་ལོ་གཅིག་རིང་གི་སྤྲོ་སྣང་ཚང་མ་འཇིམ་བརྙན་དེ་ཐོག་ནས་མངོན་གྱི་ཡོད།
         སྐལ་བཟང་ཚེ་རིང་ནི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་རེབ་གོང་འཇིམ་བརྙན་སྒྱུ་རྩལ་གྱི་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་ཞིག་རེད། ལོ་16ནས་བཟུང་སྤོ་བོ་ལགས་ཀྱི་བག་ཆགས་བཟང་པོ་ལས་སྐལ་བཟང་ཚེ་རིང་གིས་འཇིམ་བཟོའི་ལག་རྩལ་སྦྱོང་འགོ་ཚུགས། “ངས་རྟག་ཏུ་དགེ་ཕྲུག་ཚོར་འཇིམ་བཟོའི་ལག་རྩལ་གྱི་རྨང་གཞི་ལོ་གསུམ་སྦྱོང་དགོས་པ་དང་། ལོ་བདུན་སོང་མཚམས་སུ་གཞི་ནས་འཇིམ་བརྙན་བཞེངས་ཐུབ། འཇིམ་བཟོ་ནི་ལས་ཀ་དཀའ་ཚེགས་ཆེ་བ་ཞིག་ཡིན་པས་ཚེ་གང་ལས་ཀ་འདིར་འབད་པའི་སྙིང་སྟོབས་བཅངས་ཚེ་གཞི་ནས་ཡག་པོ་སྦྱངས་ཐུབ་ཅེས་ཤོད་ཀྱི་ཡོད”ཅེས་འཇིམ་བཟོའི་ལག་རྩལ་སྦྱོང་བའི་བརྒྱུད་རིམ་སྐོར་གླེང་སྐབས་ལོ་35ཙམ་བྱ་བ་གཅིག་ལ་རྩེ་གཅིག་ཏུ་གཞོལ་བའི་སྐལ་བཟང་ཚེ་རིང་གིས་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
         2015ལོ་ནས་བཟུང་། སྐལ་བཟང་ཚེ་རིང་གིས་རྐ་གསར་རི་གྲོང་ཚོར་འགྲེམས་ཁང་དང་། རྒྱུད་ཁྲིད་སློབ་ཁང་། ལས་སྣོན་འཁོར་ཁང་། ཟ་ཁང་། ཉལ་ཁང་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་ཁྲིད་སྦྱོང་ལྟེ་གནས་ཤིག་གྲབས་འཛུགས་བྱས། ད་ཆ་ཁྲིད་སྦྱོང་ལྟེ་གནས་ནས་གསོ་སྐྱོང་བྱས་པའི་དགེ་ཕྲུག་ཉིས་བརྒྱ་ལྷག་ཙམ་ཟིན་པ་དང་། ལོ་ལྟར་བཞེངས་པའི་འཇིམ་བརྙན་སྒྱུ་རྩལ་བརྩམས་ཆོས་ཆིག་སྟོང་ཙམ་ཟིན་ནས་ལོ་རེར་ཐོན་རྫས་རིན་ཐང་སྒོར་ཁྲི་200ཡན་ཟིན་གྱི་ཡོད་པས་ཡུལ་དེ་གའི་དུད་ཚང་དབུལ་པོའི་འབབ་འཕར་ཐབས་ལམ་ཡངས་སུ་ཕྱིན་ཡོད།
         རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་སོགས་ས་ཆ་མང་པོ་ཞིག་གི་རིག་གནས་ཐང་ཆེན་དུ་སྐལ་བཟང་ཚེ་རིང་གིས་ཇུས་འགོད་བྱས་ནས་བཞེངས་པའི་འཇིམ་བརྙན་ལས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོར་གྲོང་ཁྱེར་དེའི་རིག་གནས་སྙིང་བཅུད་ངོམས་སྟོན་བྱེད་བཞིན་ཡོད། ལོ་མང་རིང་། སྐལ་བཟང་ཚེ་རིང་གིས་ཇུས་འགོད་དང་ལེགས་བཅོས་བྱས་པའི་འཇིམ་བརྙན་བརྩམས་ཆོས་སྣ་ཁ་བརྒྱ་ལྷག་ཙམ་ཟིན་གྱི་ཡོད། མིག་སྔའི་བར་སྐལ་བཟང་ཚེ་རིང་གི་ཁྲིད་སྦྱོང་ལྟེ་གནས་ཁོ་ན་ནས་འཇིམ་བརྙན་བརྩམས་ཆོས་སྟོང་གྲངས་ཁ་ཤས་ཨོ་སི་ཁྲུ་ལི་ཡ་དང་། ཨ་རི། རི་པིན། ནེ་པ་ལ་སོགས་རྒྱལ་ཁབ་ཏུ་བཙོངས་ཡོད།
         རྨ་ལྷོ་ཀྲོའུ་རིག་གནས་ལུས་རྩལ་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། རྨ་ལྷོའི་རེབ་གོང་གི་སྒྱུ་རྩལ་ཁོངས་སུ་ད་དུང་གཙགས་གྲུབ་དང་། ཤིང་བརྐོས། རྡོ་བརྐོས། འཇིམ་བཟོ། ཨར་སྐྲུན། གསེར་དངུལ་རྒྱན་ཆ། དམངས་ཁྲོད་ཟློས་གར་སོགས་རིགས་མང་པོ་ཡོད། ད་ཕན་ལོ་ཤས་རིང་། རྨ་ལྷོ་ཀྲོའུ་ཡིས་མི་རིགས་ལག་ཤེས་བཟོ་རྩལ་སོགས་རྨ་ལྷོའི་སྲོལ་རྒྱུན་ཐོན་ལས་ཧུར་ཐག་བཏོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཆེན་པོ་དང་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་བཏང་བ་དང་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འཛམ་གླིང་གི་ཐང་གའི་སྒྱུ་རྩལ་ཞིང་ཁམས་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
         2014ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་བོད་རིགས་དང་། ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་འཆར་གཞིའི་ནང་བཅུག་པའི་བོད་རིགས་རང་སྐྱོང་ཀྲོའུ་6གིས་རིག་གནས་ཐོན་ལས་རྣམ་གྲངས་17ལག་ལེན་བསྟར་རྒྱུར་གཅིག་རྗེས་གཉིས་མཐུད་ངང་སྐུལ་འདེད་བཏང་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་པ་དང་། རིག་གནས་ཁེ་ལས་ཐོག་མའི་926ནས་ད་ཆའི་1591བར་མང་དུ་ཕྱིན་པ། ལས་ཞུགས་མི་ གྲངས་ཁྲི་3ནས་ཁྲི་4.4བར་མང་དུ་ཕྱིན་པ། རེབ་གོང་རིག་གནས་སྒྱུ་རྩལ་ཐོན་ལས་དཔེ་སྟོན་ཁུལ་དང་། མཚོ་ལྷོ་དང་མཚོ་བྱང་གི་མཚོ་སྐོར་རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་ཁུལ། ཡུལ་ཤུལ་གྱི་ཁམས་པའི་རིག་གནས་ཡུལ་སྲོལ་ཉམས་ལེན་དཔེ་སྟོན་ཁུལ་སོགས་ཁྱད་ལྡན་རིག་གནས་ཐོན་ལས་གཅིག་འདུས་ཁུལ་གྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།