འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་སྐོར་གྱི་ངོ་སྤྲོད་ཡི་གེ་རིགས་177མེད་
    པ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁེ་ལས་དང་མང་ཚོགས་ལས་དོན་སྒྲུབ་སྐབས་སྟབས་བདེ་སྐྲུན་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《གཞི་རིམ་དུ་མང་ཚོགས་ཀྱི་ལས་སྒྲུབ་དང་ལས་གཏོད་དང་འབྲེལ་བའི་ངོ་སྤྲོད་ཡི་གེ་ཁག་གཅིག་མེད་པ་བཟོ་རྒྱུའི་སྐོར་གྱི་གཏན་འབེབས་》བཀྲམ་ནས“ངོ་སྤྲོད་ཡི་གེ་ཉུང་གཏོང་གིས་དམངས་ལ་སྟབས་བདེ་བསྐྲུན་པའི”ལས་དོན་སྤེལ་མྱུར་དུ་བཏང་བ་དང་། ཤང་གྲོང(ཁྲོམ་གཞུང)དང་གྲོང་ཚོ(སྡེ་ཁུལ)རིམ་གཉིས་གཞི་རིམ་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་ལས་སྒྲུབ་དང་ལས་གཏོད་དང་འབྲེལ་བའི་ངོ་སྤྲོད་ཡི་གེ་འབྲི་དགོས་པའི་དོན་གནད་ཁག་177མེད་པ་བཟོ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།
         གཏན་འབེབས་ལ་གཞིགས་ན། ངོ་སྤྲོད་ཡི་གེའི་དོན་གནད་མེད་པ་བཟོ་རྒྱུའི་ཐད། ཞིང་ཆེན་དེའི་རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཡིག་ཆ་དམ་འཛིན་གྱིས་བཟོ་བཅོས་དང་ལས་དོན་སྒྲུབ་སྟབས་བདེ་རུ་གཏོང་དགོས་ཀྱི་ཡོད་པ་མ་ཟད་ལས་སྒྲུབ་ཚོམས་ཆེན་གྱི་གསལ་བརྡ་དང་གཙོ་ཆེའི་དྲ་ཚིགས་ཐོག་ཡོངས་བསྒྲགས་སོགས་ཀྱི་བྱ་ཐབས་བརྒྱུད་ལས་སྒྲུབ་གོ་རིམ་གསར་པ་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས་ཀྱི་ཡོད། ད་ཡོད་ཀྱི་དཔྱད་གཞིས་ཚབ་བྱེད་ཆོག་པའི་ངོ་སྤྲོད་ཡི་གེའི་དོན་གནད་ཐད། མཚོ་སྔོན་གྱི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་གཞོགས་འདེགས་ལ་ཤུགས་སྣོན་དང་། ཆ་འཕྲིན་མཉམ་སྤྱོད། ཕན་ཚུན་ཁས་ལེན་མཐུན་སྦྱོར་བཅས་བྱས་ཏེ་《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པའི་གཞི་རིམ་མང་ཚོགས་ཀྱི་ལས་སྒྲུབ་དང་ལས་གཏོད་དང་འབྲེལ་བའི་ངོ་སྤྲོད་ཡི་གེའི་དོན་གནད་ཀྱི་དཀར་ཆག(ཁག་177)》ནང་གཏན་འཁེལ་བྱས་པའི་བྱ་ཐབས་ལ་ནན་པོར་གཞིགས་ཏེ་སྒྲུབ་དགོས་ཀྱི་ཡོད།
         གནས་སྐབས་ཉར་ཚགས་བྱས་པའི་ངོ་སྤྲོད་ཡི་གེའི་དོན་གནད་ཐད། མཚོ་སྔོན་གྱི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས“མི་སུ་ཞིག་གིས་དོན་གང་ཞིག་སྒྲུབ་པའི་ངོ་སྤྲོད་ཡི་གེ་གང”གི་རྣམ་པ་གཞིར་བཟུང་ཚད་ལྡན་གྱི་ངོ་སྤྲོད་ཡི་གེའི་མིང་གཅིག་གྱུར་གྱིས་གཞི་འཛིན་ས་བཟོ་བ་དང་སྲིད་འཛིན་གྱི་དེ་འབྲེལ་མི་སྣས་སྐྱེལ་དགོས་པའི་ངོ་སྤྲོད་དང་དེ་བཞིན་འབྲི་དགོས་པའི་རིམ་པ་ཁ་གསལ་བཟོ་དགོས་ཀྱི་ཡོད། ངོ་སྤྲོད་ཡི་གེ་གནས་སྐབས་ཉར་ཚགས་ཀྱི་དོན་གནད་དཀར་ཆག་ནང་བཅུག་མེད་པའི་གཞི་རིམ་གྱི་ངོ་སྤྲོད་ཡི་གེ་དང་ཐེལ་ཙེ་རྒྱག་པའི་ལྷུ་ཚིགས་ཡིན་ཕྱིན་ཁེ་ལས་དང་མང་ཚོགས་ལ་སླར་ཡང་སྐྱེལ་དགོས་པའི་བླང་བྱ་འདོན་མི་ཆོག
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མེད་པར་བཟོས་པའི་ངོ་སྤྲོད་ཡི་གེའི་དོན་གནད་ནང་སློབ་གསོ་སྡེ་ཚན་གྱི་སློབ་ཞུགས་དང་། མཐོ་རྒྱུགས་ཀྱི་སློབ་གནས་གཡར་བ། སློབ་མཚམས་འཇོག་པ་སོགས་ཀྱི་ངོ་སྤྲོད་ཡི་གེ་དང་། སྤྱི་བདེ་སྡེ་ཚན་གྱི་རྒྱུན་སྡོད་མི་འབོར་གྱི་གནས་སྡོད་ལག་ཁྱེར་དང་ཐེམ་ཐོ་དང་དེ་བཞིན་ཐོབ་ཐང་ལག་ཁྱེར་བརླགས་ནས་གསབ་གཉེར་བྱེད་པ་སོགས་ཀྱི་ངོ་སྤྲོད་ཡི་གེ དམངས་སྲིད་སྡེ་ཚན་གྱི་བཟའ་ཚོའི་འབྲེལ་བ་དང་ཕ་བུའི་འབྲེལ་བ་སོགས་ཀྱི་ངོ་སྤྲོད་ཡི་གེ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།