འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོ་ཞིང་དྭངས་པའི་རི་ཆུར་བརྟེན་ནས་རི་ཁུག་ནང་གི་བོད་རིགས་མང་ཚོགས་ལ་འབབ་འཕར་
    གཏོད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་ཟླ་གསུམ་པའི་ནང་འབྲི་ཆུ་རྒྱུག་ཁུལ་དུ་གནས་པའི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་དེ་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གཞན་དག་ལས་དཔྱིད་ཀ་ཤར་སྔ་ཞིང་། རི་འདབས་དང་གཙང་ཆུ་རྒྱུག་ཁུལ་དུ་ལྗོན་ཤིང་སྣ་ཚོགས་མྱུ་གུ་འབུད་ནས་གང་སར་དཔྱིད་ཀྱི་ཉམས་མདངས་རབ་ཏུ་རྒྱས། ཉིན་ཤས་རིང་། བོད་རིགས་ཕོ་གཞོན་མེའོ་ལུང་ཕིང་རང་ཁྱིམ་གྱི་ཐོག་སོ་གསུམ་ལྡན་གྱི་སྡོད་ཁང་ལ་མཛེས་བཟོ་བྱས་ནས་འཆར་ཉེར་ཡོད་པའི་ཡུལ་སྐོར་ནམ་དུས་ཡག་ཤོས་ལ་གྲ་སྒྲིག་བྱེད་བཞིན་ཡོད།
         འདི་ལོ་ལོ་30ལ་སླེབས་པའི་མེའོ་ལུང་ཕིང་ནི་ལུང་ནན་གྲོང་ཁྱེར་ཡན་ཁྲང་རྫོང་ཁྲེང་ཀོན་གྲོང་རྡལ་ལུ་རེན་གྲོང་ཚོའི་གྲོང་མི་ཡིན་པ་དང་། ཡན་ཁྲང་རྫོང་འདི་ཉིད་ཆིན་པ་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཁུལ་ཞིག་ཡིན་ལ་ས་བབ་ཆགས་ཚུལ་རྙོག་འཛིང་ཆེ་མོད། འོན་ཀྱང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པའི་ཁར། ཐུན་མོང་མ་ཡིན་པའི་ཆའང་རིགས་དང་བོད་རིགས་ཀྱི་དམངས་སྲོལ་གོམས་གཤིས་ལྡན་པས་ས་ཆ་འདི་ཉིད་དེ་ཙམ་མང་པོ་མེད་པའི་ཀན་སུའུ་ཞིང་ཆེན་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྫོང་ཞིག་རེད།
         ཡིན་ནའང་། རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ་དང་གསར་སྤེལ་བྱེད་ཚད་དམའ་བས་ལོ་མང་རིང“རི་ཁུག་གི་ལྟ་ན་སྡུག་པའི་གནས”དེ་མི་རྣམས་ཀྱིས་རྒྱུས་མངའ་ཆེན་པོ་མེད། དེ་ཁུལ་གྱི་གྲོང་མི་ཚོས་སྔོ་ཞིང་དྭངས་བའི་རི་ཆུ་ལྟ་སྲུང་བྱས་ནས་སྡོད་པ་ལས་འཚོ་བ་དེ་ཙམ་ཡག་པོ་མེད་ཅིང་། མེའོ་ལུང་ཕིང་གིས། དེ་སྔ་གྲོང་མི་ཚོ་གཙོ་བོ་ཕྱིར་གླ་པ་རྒྱུག་པར་བསྐྱོད་ཀྱི་ཡོད། ལས་ཀ་དཀའ་ལས་ཁག་པོ་ཡོད་རུང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་2ཡང་ཟིན་གྱི་མེད་ཅེས་བརྗོད། ལོ་མང་རིང་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་བསྐྱོད་པས་མེའོ་ལུང་ཕིང་ཡང་གྲོང་ཚོའི་ནང་གི་ན་གཞོན་གཞན་དག་དང་འདྲ་བར་རང་གི་ཕ་མ་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་ཡག་པོ་ཐུབ་ཀྱི་མེད།
         ཉེ་ལམ་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་མཛེས་ལྗོངས་ཆེན་པོ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས་སྣོད་བཅུད་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དེ་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཧྲིལ་པོ་གསར་སྤེལ་བྱས་པ་དང་འབྲེལ་མཛེས་ལྗོངས་ཁུལ་ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། གཟིགས་སྐྱོང་བྱ་ཐབས་སྣ་ཚོགས་བཏོན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་སྣོད་བཅུད་ཡུལ་སྐོར་གོང་འཕེལ་ཤུགས་ཆེན་བཏང་ཡོད།
         དེ་ཁུལ་དུ་ཡུལ་སྐོར་བ་མང་པོ་ཡོང་བ་དང་བསྟུན་ནས་མི་རབས་ནས་མི་རབས་བར་མཛེས་ལྗོངས་ཁུལ་དུ་འཚོ་སྡོད་བྱེད་མཁན་ཞིང་པ་དབུལ་པོ་ཚོས་འཕེལ་རྒྱས་ཀྱི་མདུན་ལམ་གསར་པ་མཐོང་ཞིང་། གྲོང་མི་ཚོར་ཞིང་ཁྱིམ་མགྲོན་ཁང་བསྐྲུན་རྒྱུའི་བསམ་བློ་འཁོར། ཡིན་ནའང་ཞིང་ཁྱིམ་མགྲོན་ཁང་ཇི་ལྟར་གཉེར་དགོས་ལུགས་དང་། ཡུལ་སྐོར་བ་ཇི་ལྟར་འགུག་ཐུབ་པ་བྱ་རྒྱུའི་ཐད་གྲོང་མི་ཚོར་སླར་ཡང་དཀའ་ངལ་འཕྲད།
         “དེ་སྔ་ཁང་པ་རྙིང་པ་ཡིན་པའི་ཁར་གསང་སྤྱོད་ཡག་པོ་མེད་པ་དང་གཟུགས་པོ་འཁྲུད་ཆུ་ཚ་པོ་དེ་བས་མེད་པས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཁང་པའི་ཁོར་ཡུག་མཐོང་མ་ཐག་ལམ་སེང་ལོག་འགྲོ་གི་འདུག”ཅེས་མེའོ་ལུང་ཕིང་གིས་བརྗོད་པ་དང་། ཁོང་དང་འདྲ་བར་སེམས་ཁྲལ་དེ་འདྲ་བྱེད་མཁན་གྲོང་མི་མི་ཉུང་བ་ཞིག་ཡོད། དངུལ་དཀོན་པ་དང་བདག་གཅེས་བྱེད་མི་ཤེས་པས་གྲོང་མི་ཧ་ཅང་མང་པོ་ཞིག་གི་ཁྱིམ་གྱི་གཙང་སྦྲ་དང་ཞག་སྡོད་ཆ་རྐྱེན་ཚད་གཞི་མི་ལོན་པས་ཡུལ་སྐོར་བ་ཧ་ཅང་མང་པོ་དེ་ཁུལ་དུ་ཡོང་བ་མཐོང་སྐབས་སེམས་ཁྲལ་བྱས་ནས་སྡོད་རྒྱུ་ལས་མ་འདས།
         དེའི་ཐད་ས་གནས་དེ་གའི་སྲིད་གཞུང་གིས་ཆེད་མངགས་གྲོང་གསེབ་ཏུ་ཡུལ་སྐོར་ཞབས་ཞུའི་མཉམ་ལས་ཁང་བཙུགས་ནས་ཞིང་པ་ཚོས་ཞིང་དུད་སྤྲོ་སྐྱིད་ཁང་དང་། ཞིང་ཁྱིམ་མགྲོན་ཁང་གཉེར་རྒྱུར་ཁྲིད་སྟོན་བྱས་ཏེ་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
         དུད་ཚང་དབུལ་པོ་དེ་བས་མང་བ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ནང་ཞུགས་ཐུབ་པ་བྱ་ཆེད། ད་དུང་ས་གནས་དེ་གའི་སྲིད་གཞུང་གིས་ཆེད་དངུལ་ཆེད་མངགས་བཀོད་སྒྲིག་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་རེར་ཁ་གསབ་རོགས་དངུལ་སྒོར་ཁྲི་3རེ་སྤྲད་དེ་མགྲོན་ཁང་མཛེས་བཟོ་དང་དེ་མཚུངས་ཀྱི་མཁོ་ཆས་སོགས་ཉོ་རྒྱུར་སྤྱད་པ་དང་འབྲེལ་དུད་ཚང་དབུལ་པོར་གཉེར་སྐྱོང་བྱ་ཐབས་ཐད་མཛུབ་ཁྲིད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།