འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན་ནས་ཚེས་25ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཀན་སུའུ་རུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟན་ཞིབ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱེད་པ། 《སྲིད་གཞུང་ལས་དོན་སྙན་སྒྲོན་》གྱི་བླང་བྱ་དོན་འཁྱོལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་སེམས་པ་དང་དགོས་གཏུགས་ཀྱི་སེམས་པ་ཆེ་རུ་ཏན་ཏིག་གཏོང་བ། ལས་དོན་སྒྲུབ་ཤུགས་སྔར་བས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་བཅས་བྱས་ནས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།
         ཧུའུ་ཁྲུན་ཧྭ་ཡིས་ནན་བཤད་གནང་དོན། འདི་ལོ་ནི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་བྱེད་པའི་ལོ་ཐོག་མ་དེ་ཡིན་པས་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་ཞིག་སྤོ་ཐུབ་པའི་འགན་ལེན་བྱེད་དགོས། ཁག་བགོས་བྱས་པའི་ལོ་འཁོར་གྱི་ལས་འགན་དང་ལས་ཀའི་གསལ་ཐོ་དོན་འཁྱོལ་ནན་པོ་བྱེད་པ་དང་ཞིབ་ཕྲའི་དབུལ་སྐྱོར་འདུ་འགོད་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ནས་རྨང་གཞིའི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ནུབ་བྱང་ས་ཁུལ་གྱི་ཁྱད་ཆོས་དང་འཚམ་པའི་གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ་དང་། ཞན་ཆ་སེལ་བ་དང་ལེགས་ཆ་འདོན་སྤེལ་བྱས་ནས་གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་དོན་གཏིང་ཟབ་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ཡག་པོ་སྒྲུབ་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་གསབ་པ་བཅས་བྱས་ནས་གྲོང་གསེབ་ཀྱི་རྣམ་པར་མགྱོགས་ནས་མྱུར་དུ་འགྱུར་ལྡོག་གཏོང་དགོས། དབུལ་སྐྱོར་བྱ་རྒྱུ་དེ་བློ་རིག་གཉིས་སྐྱོར་དང་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱ་ཁྱབ་ངང་སྐོང་འཐེན་བྱེད་པ་དང་། ཞིང་པས་བྱེད་ཐུབ་རིགས་ཁོང་ཚོ་སོ་སོར་བྱེད་དུ་བཅུག་ནས་དབུལ་སྒྲོལ་འགག་སྒྲོལ་བརྒྱུད་རང་ཉིད་ཀྱིས་ལག་པ་སྒུལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་རྒྱ་ཆེའི་ཞིང་པའི་ཡིད་ཆེས་དང་འཇོན་ཐང་རིམ་བཞིན་ཆེ་རུ་གཏོང་དགོས། དབུལ་སྐྱོར་ཐད་ཀྱི་ནོར་སྲིད་ཀྱི་གཏོང་ཆ་མང་དུ་གཏོང་བ་དང་། ཞིང་འབྲེལ་མ་དངུལ་སྤྱི་འདོམས་འཆར་འགོད་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མ་དངུལ་བེད་སྤྱོད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་ཐད་ལས་བྱེད་པ་བཀོད་སྒྲིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་དབུལ་སྐྱོར་ལས་དོན་གྱི་སྟོབས་ཤུགས་གཤམ་སྒྱུར་བྱས་ནས་གཞི་རིམ་འཐབ་ཕྱོགས་དང་པོའི་རོགས་སྐྱོར་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་དགོས་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་བྱས་ཏེ་རྣམ་གཡེང་སྒྱིད་ལུག་དང་དམག་རྒྱག་འདོད་མེད་པའི་བསམ་བློ་སེལ་ཐབས་བྱེད་དགོས། གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་བྱམས་སྐྱོང་བྱས་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་ཐད་ཀྱི་སེམས་ཁྲལ་སེལ་གང་ཐུབ་བྱེད་པ་དང་། གསོ་སྦྱོང་དང་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རོགས་སྐྱོར་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་ཁོང་ཚོར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལས་དོན་ཧུར་ཐག་སྒྲུབ་རྒྱུར་སྐུལ་ལྕག་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།