འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།《ལག་རྩལ་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ལག་རྩལ་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་མ་ཟད་བརྡ་ཐོའང་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         མཛུབ་ཁྲིད་བསམ་བློའི་ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱི་མཐུན་སྦྱོར་ནུས་པ་གང་ལེགས་འདོན་པ། ལག་རྩལ་མི་སྣའི་གསོ་སྐྱོང་དང་། གདེང་འཇོག བེད་སྤྱོད། ལྕག་སྐུལ། འགན་ལེན་སོགས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ལག་རྩལ་མཐོ་བར་ཐོབ་ཆ་མཐོ་བ་དང་ལས་མང་ཐོབ་མང་ཡོང་བ་བྱེད་པ། ལག་རྩལ་མི་སྣའི་ཐོབ་ཚོར་དང་། སྤོབས་སེམས། གཟི་བརྗིད་བསམ་པ་བཅས་མཐོ་རུ་གཏོང་བ། ལག་རྩལ་མི་སྣའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱེད་པ་བཅས་ཀྱི་སྒོ་ནས་ཤེས་ལྡན་པར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ཆེད་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་པའི་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད།
         《བསམ་འཆར་》ནང“རིག་གནས་མཐོ་བ་དང་། ལག་རྩལ་རྩེ་གྲ་ཤེས་པ། རྩེར་སོན་ཚན་རིག་ཤེས་པ། ཁ་ཐང་བ”བཅས་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རྩལ་ནུས་མཐོ་བའི་སྣེ་འདྲེན་ཤེས་ལྡན་པའི་ཐོབ་ཐང་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་པ་དང་། གླ་ཕོགས་ལྕག་སྐུལ་འཆར་གཞི་ལག་ལེན་བསྟར་ནས་ལག་རྩལ་བཟོ་པའི་ཡོང་འབབ་ཆུ་ཚད་མཐོ་རུ་གཏོང་དགོས་པ། རྩལ་ནུས་བྱང་ཆུབ་པ་དང་མཐོར་གཏོང་གི་མ་ལག་བསྐྲུན་ཏེ་ལག་རྩལ་མི་སྣའི་རྩལ་ནུས་ལ་བརྟེན་ནས་ཐོབ་ཐང་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། གདེང་འཇོག་བེད་སྤྱོད་དང་ལྕག་སྐུལ་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལག་རྩལ་མི་སྣའི་འཚར་ལོངས་དང་གོ་ཆོད་ཀྱི་བགྲོད་ལམ་ཡངས་སུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།