འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གྲུབ་འབྲས་ལ་གདེང་འཇོག་བཟང་
    པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་24ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཕྱོགས་བསྡུས་གནས་ཚུལ་སྤེལ་བ་ལྟར་ན། སྐྱེ་བོ་ཀུན་གྱི་དོ་ཁུར་ཆེན་པོའི་འོག འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། ཉིན་ཤས་རིང་ཕྱི་རྒྱལ་གྱི་སྨྱན་སྦྱོར་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཚོགས་འདུ་གཉིས་ཀྱི་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་བྱས་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་། ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་སོགས་ཚོགས་འདུའི་ཐོག་གི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་དང་སྲིད་ཇུས་གསལ་སྟོན་རབ་དང་རིམ་པ་ལས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྔ་ཙམ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད་ལ་འཛམ་གླིང་རྒྱལ་ཁབ་ཁག་ལ་ཕན་པ་ཐོབ་རྒྱུ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཐེབས་རྒྱུའི་ངོས་འཛིན་བྱས་ཡོད།
         ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བསྐྱངས་ནས་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱས་པ།
         ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་ནས་ད་ཐེངས་ཀྱི་མི་དམངས་འཐུས་ཚོགས་ཐོག་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་བརྒྱུད། རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད་ཅེས་བརྗོད།
         ཨ་ཟེར་བྷེ་ཇན་གྱི་རྒྱལ་ཁབ་ཚན་རིག་ཁང་ཤར་ཕྱོགས་ཞིབ་འཇུག་སུའོ་ཡི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ཞིབ་འཇུག་པུའི་ཀྲུའུ་རེན་ལ་ཧྥེ་ཁེ·ཨ་པ་སུའུ་ཕུའུ་ཡིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་ནང་བཀོད་ཡོད། དུས་བསྟུན་འཕེལ་རྒྱས་ཀྱི་བྱ་སྤྱོད་དེས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་ལོ་རྒྱུས་དང་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
         ཧྥིན་ལན་ཧེར་སི་ཁི་སློབ་ཆེན་གྱི་ཁྲིམས་རིག་པ་སློབ་གླིང་གི་དེ་སྔའི་ཡོན་ཀྲང་ཅི་མུའུ·ནུའུ་ཨའོ་ཏི་ཨའོ་ཡིས་ཀྲུང་གོའི་རྩ་ཁྲིམས་ལ་རང་སོའི་ཁྱད་ཆོས་ལྡན་ཡོད་པས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་ཀྲུང་གོར་རྩ་ཁྲིམས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རྒྱུ་མཚན་ཡོད་ཅེས་བརྗོད།
         ཝེ་ནེ་ཙུའེ་ལའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨའེ་མ་ལ·ཀར་ཏར་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་ལ་གྲོས་འཆམ་བྱུང་བ་བརྒྱུད། ཀྲུང་གོའི་ཆབ་སྲིད་ཀྱི་བརྟན་ལྷིང་དང་སྲིད་ཇུས་གཙོ་བོའི་རྒྱུན་མཐུད་རང་བཞིན་འགན་ལེན་ཐུབ་ཡོད། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་སྦྲགས་དེར་འགན་འཁྲི་གལ་ཆེན་སྤྲད་པ་དེ་ཐོག་ནས་རུལ་སུངས་ལས་རྣམ་པར་རྒྱལ་བ་དང་དམངས་ཆེད་སྲིད་འཛིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཆོད་སེམས་མཚོན་གྱི་ཡོད་པས་རྒྱལ་ཁབ་གཞན་གྱིས་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད་ཅེས་བརྗོད།
         ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་བརྟན་ཐོག་ཡར་བརྩོན་ཡོང་རྒྱུར་རམ་འདེགས་བྱས་པ།
         ནི་ཀྲེ་རི་ཡའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲར་སི·ཨའོ་ནུའུ་ན་དབྱི་ཀྲུའུ་ཡིས་འདི་ལོའི་ཚོགས་འདུ་གཉིས་རིང་སྲིད་གཞུང་གི་ལས་ཁུངས་ལ་སྒྱུར་བཅོས་བྱས་ཡོད། འདི་ནི་དུས་བབ་གསར་པའི་འོག་རྒྱལ་ཁབ་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱ་ཆེད་ཡིན་པས་སྲིད་གཞུང་གི་སྲིད་ཇུས་བདེ་བླག་ངང་ལག་བསྟར་ཐུབ་པར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།
        ཀེ་རི་སེའི་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་ན་སི་ཐ་ཤི་ཨའོ·ཁུའུ་ལ་ཅི་སིས་ཀྲུང་གོས་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལས་ཕྱོད་ཆེ་རུ་བཏང་བ་དང་འབྲེལ་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བའི་དགེ་མཚན་ལྡན་པའི་བྱ་ཐབས་ལ་གདེང་འཇོག་གང་ལེགས་བྱས་ཤིང་། ཁོང་གིས་ནུས་ལྡན་གྱི་ལམ་སྲོལ་བཙུགས་ན“ཐག་གཅོད་རང་བཞིན་གྱི་སྒོ་ནས་སྲིད་ཇུས་ཀྱི་གྲུབ་འབྲས་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱང་སྲ་བརྟན་ཡོང་རྒྱུ་ཡིན་པའི”ངོས་འཛིན་བྱས་ཡོད།
         ཁེན་ནི་ཡའི་ཁེན་ཡ་ཐ་སློབ་ཆེན་གྱི་དཔལ་འབྱོར་རིག་པ་སློབ་གླིང་གི་འཆད་ཁྲིད་དགེ་རྒན་ཨའོ་ཀེན་པོས་ཀྲུང་གོས་ལས་ཁུངས་སྒྱུར་བཅོས་བྱེད་བཞིན་པ་དེ་ཧ་ཅང་གལ་ཆེན་ཞིག་རེད། རྒྱལ་ཁབ་ཀྱིས་དུས་བབ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བར་གཞིགས་ནས་བཅོས་སྐྱོང་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་། འགན་ནུས་སྡེ་ཚན་གསར་པ་བཙུགས་པ་ལས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུར་ཕན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས “ཉེ་བའི་ལོ་ཤས་རིང་ཀྲུང་གོས་སྒྱུར་བཅོས་ཟམ་མི་ཆད་པར་བྱས་པས་འཛམ་གླིང་ཐོག་གཟེངས་སུ་ཐོན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད”ཅེས་བརྗོད།
         གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བའི་བརྩོན་ལེན་བྱས་པ།
         ཧྥི་ལི་ཕིན་གྱི་ཚོང་དོན་དང་བཟོ་ལས་པུའི་པུའུ་ཀྲང་ལ་མོང·ལའོ་ཕེ་སིས་ཀྲུང་གོའི་འགོ་ཁྲིད་པས་ཚོགས་འདུ་གཉིས་ཀྱི་ཐོག་མུ་མཐུད་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་དང་། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད། དེ་ལས་འཛམ་གླིང་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་རེད་ལ་འཛམ་གླིང་ལ་མིག་དཔེ་ཞིག་བཏོད་ཡོད་པས་རྒྱལ་ཁབ་གཞན་གྱིས་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད་ཅེས་བརྗོད།
         བྷེ་ཨུ་རུ་སུའི་ཚན་རིག་ཁང་གི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་པེར་སི་ཅིས་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་གཙོ་བོ་དང་འཛམ་གླིང་བདེ་འཇགས་ལ་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་རེད། ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་རེ་འབོད་བྱས་པའི་དོན་གཉེར་གྱི་རྣམ་འགྱུར་དེས་རྒྱལ་སྤྱིའི་དཔལ་འབྱོར་མ་ལག་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།
         “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ནས་ས་ཁུལ་གྱི་བྱ་བའི་ནང་ཧུར་ཐག་ཞུགས་ཀྱི་ཡོད”ཅེས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཆབ་སྲིད་དབྱེ་ཞིབ་མི་སྣ་ལུའོ་པི་ན· ཧ་མུའུ་ཏར་ཏེས་བརྗོད་པ་དང་། ཁོང་གིས་ཀྲུང་གོའི་དཔལ་འབྱོར་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དེས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཐེབས་ནས་ས་ཁུལ་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་སྤེལ་རེས་སོགས་ཀྱི་ཐད་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད་ཅེས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།