འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་
    མཁན་ཞིག་བྱེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གནང་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཉན་རྗེས། སྙན་སྒྲོན་ནི་དམ་པ་དོན་གཉེར་ཞིག་དང་ནང་དོན་ཧྲིལ་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་བཏོན་གནང་བའི་དགོངས་པ་གསར་པ་དང་། ཆོད་གཏམ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་ཁྱབ་འདུག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་གྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཐབས་དང་ཇུས་བཏོན་པ་དང་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་གྲོས་མོལ་སྲིད་གླེང་གི་རྣམ་པ་གསར་པ་ཞིག་ཆགས་པའི་ཚོར་སྣང་ཟབ་མོ་བྱུང་།
         ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བཅངས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་པའི་ངའི་ལས་འགན་ལྕི་ལ་འགན་འཁྲི་གཟི་བརྗིད་ཆེ། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གསར་པ་ཞིག་གི་ངོས་ནས་དང་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལ་ཤུགས་སྣོན་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་པ་དང་། སྒྲིག་ཁྲིམས་སྲུང་བ་དང་། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་དོ་སྣང་བཅས་མཐའ་འཁྱོངས་ཀྱིས་སྲིད་གྲོས་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་གླེང་མཁས་པ་བཅས་བྱེད་དགོས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད”ཅེས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་ལ། བོད་ཀྱི་མི་དམངས་ཚོས“མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ”ཚོར་གྱི་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ལ་ནན་པོར་གཞིགས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཡག་པོ་ཞིག་བྱ་རྒྱུ་ཡིན། བོད་ཀྱི་འབྱུང་འགྱུར་ལ་ང་ཡིད་ཆེས་ཀྱིས་ཁེངས་ཤིང་། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།