འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས་)བཅུ་ཆ་བརྒྱད་ཡན་དུ་འོས་འགན་སློབ་གསོ་སྤྱིའི་
    ཆ་ནས་དོ་སྙོམས་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་02ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་28ཉིན། གསར་འགོད་པས་སློབ་གསོ་ཅུས་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། རྒྱལ་ཡོངས་ཀྱི་རྫོང་2379ལ་འོས་འགན་སློབ་གསོའི་འཕེལ་རྒྱས་སྤྱིའི་ཆ་ནས་དོ་སྙོམས་བྱུང་སྟེ་རྒྱལ་ཡོངས་ཀྱི་རྫོང་བསྡོམས་འབོར་གྱི་81%བཟུང་བ་དང་། ཧྲང་ཧའེ་དང་། པེ་ཅིང་། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཀོང་ཏུང་། ཕུའུ་ཅན། ཅི་ལིན། ཨན་ཧུའེ། ཧྲན་ཏུང་། ཧོ་པེ་སོགས་ཞིང་ཆེན་(གྲོང་ཁྱེར་)11ལ་དཔྱད་དཔོག་ཁས་ལེན་ཁྱོན་ཡོངས་ནས་ཐོབ་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་སློབ་གསོ་པུའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཅུས་ཀྱི་ཅུས་ཀྲང་ཧོ་ཤིའུ་ཁྲའོ་ཡིས་2017ལོར་རྒྱལ་ཡོངས་ཀྱི་རྫོང་560ལ་རྒྱལ་ཁབ་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ཁས་ལེན་ཐོབ་པ་དང་། ཅི་ལིན་དང་། ཨན་ཧུའེ། ཧྲན་ཏུང་། ཧོ་པེ་བཅས་ཞིང་ཆེན་བཞི་ལ་དཔྱད་དཔོག་ཁས་ལེན་ཁྱོན་ཡོངས་ནས་ཐོབ་པ། སྤྱིའི་ཆ་ནས་དོ་སྙོམས་བྱུང་བའི་རྫོང་1816གི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ཆུ་ཚད་ཅུང་མཐོ་རུ་ཕྱིན་པ་དང་ཞིང་ཆེན་10ཡི་རྫོང་15ལ་དམའ་རུ་ཕྱིན་པའི་རྣམ་པ་ཐོན་པ། རྒྱལ་ཁབ་ཀྱི་དཔྱད་དཔོག་ཁས་ལེན་ཐོབ་མེད་པའི་རྫོང་500ཡི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ཆུ་ཚད་རྒྱལ་ཁབ་ཀྱི་ཚད་གཞི་ལས་མངོན་གསལ་དོད་པོས་དམའ་བ་ཡོད་པ་དང་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་རྫོང་16.3%དང་རྫོང་29.1%ལ་ད་དུང་ཁས་ལེན་ཐོབ་མེད་པས་དེ་དག་ནི་འགག་སྒྲོལ་ཐད་དཀའ་གནད་ཆེ་བའི་ས་ཁུལ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ཁས་ལེན་བྱེད་འགོ་ཚུགས་པ་ནས་བཟུང་། ས་གནས་ཁག་གིས་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་སློབ་གྲྭ་ཁྲི་26གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་། སློབ་གནས་ཁྲི་2725མང་དུ་བཏང་བ། དགེ་རྒན་ཁྲི་172ཁ་གསབ་བྱས་པ། ཞའོ་ཀྲང་དང་དགེ་རྒན་མི་ཐེངས་ཁྲི་243སྤེལ་རེས་ལ་ཞུགས་པ་བཅས་རེད། མིག་སྔར་འོས་འགན་སློབ་གསོའི་སློབ་གྲྭ་དང་ལྷག་པར་དུ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་རྣམ་པ་ཆེས་ཆེར་ལེགས་སུ་ཕྱིན་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁྱབ་རྒྱ་རིམ་གྱིས་ཆེ་རུ་ཕྱིན་པ། གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་ནས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། དེའི་ནང་རྒྱལ་ཡོངས་ཀྱིས་ཉེ་བའི་ལོ་ལྔའི་ནང་རིམ་རྩིས་བྱས་ན་རིགས་ཁག་གི་སློབ་གྲྭའི་ཉལ་ཁང་དང་ཞོར་གཏོགས་ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་དུང་ཕྱུར་4.5དང་། ལུས་རྩལ་ཁང་གི་སྨི་ངོས་གྲུ་དུང་ཕྱུར་3.4 ཚོད་ལྟ་བྱེད་ནུས་ཁང་ཁྲི་746བཅས་འཛུགས་སྐྲུན་བྱས་པ་དང་སྒོར་དུང་ཕྱུར་3257རི་བའི་སྒྲིག་བཀོད་ཡོ་ཆས་དང་ཆ་འཕྲིན་ཅན་གྱི་སྒྲིག་ཆས་དང་། དཔེ་དེབ་དུང་ཕྱུར་14.4 རྩིས་རྒྱག་འཕྲུལ་འཁོར་ཁྲི་1248བཅས་གསར་དུ་བསྣན་ཡོད། རྒྱལ་ཡོངས་ཀྱིས་ཉེ་བའི་ལོ་ལྔའི་ནང་གསར་དུ་ཁ་གསབ་བྱས་པའི་དགེ་རྒན་ཁྲོད་རོལ་དབྱངས་དང་། ལུས་རྩལ། མཛེས་རྩལ། ཚན་རིག ཆ་འཕྲིན་བཅས་ཀྱི་དགེ་རྒན་ཁྲི་31ཡོད་པ་དེ་དག་གིས་གསར་དུ་ཁ་གསབ་བྱས་པའི་དགེ་རྒན་བསྡོམས་འབོར་གྱི་18%བཟུང་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་སློབ་ཁྲིད་ས་ཚིགས་ཁྲི་6ལྷག་ཙམ་ལ་གྲངས་འཛིན་གྱི་སློབ་གསོའི་ཐོན་ཁུངས་ཁྱབ་ཡོད་པ་དང་དེས་ཐག་རིང་ལུང་ཁུག་གི་གྲོང་གསེབ་ས་ཁུལ་གྱི་ཕྲུ་གུ་ཁྲི་400ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
         ཧོ་ཤིའུ་ཁྲའོ་ཡིས་ངོ་སྤྲོད་བྱས་པར། 2017ལོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་དཔོག་ཁས་ལེན་གནས་ཚུལ་ནས་བལྟས་ན། གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཀྱང་། མི་དམངས་མང་ཚོགས་ཀྱིས་འོས་འགན་སློབ་གསོ་ཡག་པོ་དང་ལེན་བྱེད་པའི་དགོས་མཁོ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ས་གནས་སྲིད་གཞུང་ཁག་གིས་སྐུལ་འདེད་གཏོང་ཤུགས་མི་འདང་བ་དང་། སློབ་གྲྭ་ཁག་གཅིག་གིས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་ཤུགས་མི་འདང་བ། ས་ཁུལ་ཁག་གཅིག་གིས་དགེ་རྒན་གྱི་དཔུང་ཁག་དོ་སྙོམས་ངང་བཀོད་སྒྲིག་བྱེད་ཤུགས་མི་འདང་བ་སོགས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།