འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་23པ་ཟླ་2ཚེས་9ཉིན་གྱི་དགོང་མོར་ལྷོ་ཁོ་རེ་ཡ་
    རུ་སྤེལ་འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་09ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སྐབས་23པ་ཟླ་2ཚེས་9ཉིན་གྱི་དགོང་མོར་ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་ཕིང་ཁྲང་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་རྒྱུ་ཡིན་པ་དང་། ཕིང་ཁྲང་གི་དགུན་དུས་ཨོ་ལྷན་འགྲན་ཚོགས་རྩ་འཛུགས་ཨུ་ལྷན་གྱི་འགོ་འཛིན་ལི་ཞི་ཧྥན་གྱིས་ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་བསྒྲུབས་ཡོད་པས། ཐུབ་ཚོད་དང་ནུས་ཚོད་ཀྱིས་འཛམ་གླིང་ལ་ངོ་མཚར་ཆེ་བའི་ཞི་བདེའི་ཨོ་རྩལ་འགྲན་ཚོགས་ཤིག་སྟོན་རྒྱུ་ཡིན་ཞེས་བསྟན་པ་རེད།
          ཕིང་ཁྲང་གི་དགུན་དུས་ཨོ་ལྷན་འགྲན་ཚོགས་འགོ་ཚུགས་མཛད་སྒོ་ནི་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་9ཉིན་གྱི་དགོང་མོར་ཕིང་ཁྲེང་གི་ཨོ་ལིམ་ཕིག་ལུས་རྩལ་ར་བར་སྤེལ་རྒྱུ་ཡིན་པ་རེད། རྩ་འཛུགས་ཨུ་ལྷན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་བར་དུ། རྒྱལ་ཁབ་དང་ས་ཁུལ་92ནས་ཡོང་བའི་ལུས་རྩལ་པ་2925ཐེངས་འདིའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཡིན་ལུགས་གསལ་པོ་བྱུང་བ་དང་། དུས་མཚུངས་སུ་ལས་སྒྲུབ་མི་སྣ་དང་དང་བླངས་པ་55684ཡིས་སྐབས་འདིའི་འགྲན་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པས། དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་རིམ་བྱུང་ཁྲོད་ཀྱི་གཞི་ཁྱ་ཆེ་ཤོས་དེ་ཡིན་པ་རེད། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་ཀྱི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ལུས་རྩལ་ཚོགས་པས་འགོ་ཚུགས་མཛད་སྒོའི་ཐོག"ཁོ་རེ་ཡ་གླིང་ཕྲན་ཕྱེད་ཀའི་དར་ཆ"བསྒྲེང་རྒྱུ་ཡིན་པའི་ཐོག་ནས། ཡང་བསྐྱར་ཞི་བདེར་འབོད་སྐུལ་བྱེད་པའི་ཨོ་ལིམ་ཕིག་གི་བློ་སེམས་འགུགས་ཤུགས་མཚོན་ཡོད་པ་རེད།
          ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་ཁྱོན་བསྡོམས་མི་གྲངས་181ཡོད་པ་དང་། དེ་ལས་ལུས་རྩལ་པ་82ཡོད་པ་རེད། ཁོང་ཚོས་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཚན་ཆེན་པོ་ལྔ་དང་། ཁག་བགོས་ཚན་པ་12 འགྲན་ཚན་ཆུང་བ་55བཅས་ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད། དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་ཀྱི་ཨང་དང་པོ་ལེན་མཁན་ཀྲོའུ་དབྱང་ནི་ཕིང་ཁྲང་གི་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་མཛད་སྒོའི་སྐབས་ཀྲུང་གོའི་འཐུས་ཚབ་ཚོགས་པའི་རྒྱལ་དར་སྒྲེང་མཁན་དུ་བསྐོས་ཡོད་པ་རེད།
          ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་ཟླ་2ཚེས་9ཉིན་གྱི་དགོང་མོ་འགོ་ཚུགས་རྒྱུ་ཡིན་པ་དང་། ཚེས་25ཉིན་མཇུག་རྫོགས་རྒྱུ་རེད། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་གངས་ཐོག་འགྲན་ཚན་གྱི་འགྲན་བསྡུར་མང་པོ་ཞིག་ཕིང་ཁྲང་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་དང་། འཁྱག་ཐོག་ལུས་རྩལ་གྱི་འགྲན་ཚན་ནི་ཅང་ལིན་དུ་སྤེལ་རྒྱུ་ཡིན་པ། རི་མཐོའི་གངས་ཤུད་འགྲན་ཚན་ནི་ཅིན་ཧྲན་དུ་སྤེལ་རྒྱུ་ཡིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།