འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་ཞིང་སྨན་དང་ཕྱུགས་སྨན་ལྷག་འཕྲོའི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་1653
    གསར་བཟོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 16:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཞིང་ལས་པུས་འཚོགས་པའི་རྒྱལ་ཡོངས་ཀྱི་སྤུས་ཚད་དང་། ལྗང་མདོག སྤུས་རྟགས་བཅས་ལ་བརྟེན་ནས་ཞིང་པ་དར་རྒྱས་དང་སྟོབས་ཆེར་གཏོང་བའི་ལས་དོན་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་གྲུབ་འབྲས་གསར་པ་ཐོབ་ནས་ན་ནིང་རང་རྒྱལ་གྱིས་ཞིང་སྨན་དང་ཕྱུགས་སྨན་ལྷག་འཕྲོའི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་1653དང་ཞིང་ལས་རིགས་ཀྱི་ཚད་གཞི་ཁག་210གསར་བཟོ་བྱས་པ་དང་། “སྤུས་རྟགས་གསུམ་དང་ཚད་གཞི་གཅིག”རིགས་ཁྲི་4.9གསར་དུ་བདེན་དཔང་ར་སྤྲོད་བྱས་ཡོད། 
         གཞན་ཡང་། 2018ལོར“ཞིང་ལས་སྤུས་ཚད་ལོ”ཡི་བྱ་སྤྱོད་དངོས་སུ་སྤེལ་འགོ་ཚུགས་ནས་རྒྱལ་ཡོངས་སུ་བཟའ་སྤྱོད་ཞིང་ལས་ཐོན་རྫས་ཚད་མཐུན་ལག་ཁྱེར་གྱི་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་བཅུར་ཁུངས་འདེད་དོ་དམ་གྱི་ཚོད་ལྟ་བྱེད་རྒྱ་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་གོམ་སྟབས་མགྱོགས་སུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་གྱི་བྱ་སྤྱོད་སོགས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། གོམ་སྟབས་རྗེས་མར་སྤུས་ཚད་ལ་བརྟེན་ནས་ཞིང་པ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་རྩ་གནད་ཞིབ་བཟོ་བྱས་ཏེ“ཞིང་ལས་སྤུས་ཚད་ལོ”ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་འགན་ལེན་བྱ་རྒྱུ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། རིམ་ཁག་ཞིང་ལས་སྡེ་ཚན་གྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་བྱེད་པ་དང་ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་མང་དུ་གཏོང་བ་དམིགས་ཚད་དུ་བྱས་ཏེ་ཐོན་སྐྱེད་དང་ལྟ་འདོམས་ཕྱོགས་གཉིས་ཀ་ནས་ནུས་ཤུགས་འདོན་སྤེལ་གྱིས་སྤུས་ཚད་ལ་བརྟེན་ནས་ཞིང་པ་དར་རྒྱས་གཏོང་བའི་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ནས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་འཕར་མེད་པའི་རྣམ་པ་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དང་ཆབས་ཅིག རྫོང་96ལ་ཕྱུགས་རིགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་སུ་བརྩིས་ནས་སྤྱོད་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཡོད། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐད་འདུ་ཤེས་གསར་པ་ཆགས་པ་དང་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གྱོད་གཞི་ཆེན་པོ་དང་གྱོད་གཞི་གལ་ཆེན་ཁག་གཅིག་རྩད་ཆོད་ཐུབ་པ་དང་དཔེ་མཚོན་གྱོད་དཔེ་19ཁྱབ་བསྒྲགས་བྱས་ཡོད། བདེ་འཇགས་ལྡན་པའི་རྫོང་གཏོད་སྟངས་གསར་པ་རྙེད་དེ་ཁག་དང་པོའི་བདེ་འཇགས་ལས་རིམ་ཁག་107ལ་བྱང་བུ་སྤྲད་པ་དང་ཁག་གཉིས་པའི་ཚོད་ལྟའི་ཚན་པ་215གཏོད་རྒྱུ་གཏན་འཁེལ་བྱས་ཡོད། ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་ཚད་བརྒལ་གསར་པ་བྱུང་ནས་རྒྱལ་ཁབ་ཀྱི་ཁུངས་འདེད་ལས་སྟེགས་བདེ་བླག་ངང་སྤྱོད་ཐུབ་པ་དང་ཞིང་ཆེན་གསུམ་དུ་ཚོད་ལྟའི་འཁོར་རྒྱུག་བྱས་ཏེ་གཞི་ཁྱོན་ལྡན་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་ཁྲི་21ཡིད་རྟོན་རུང་བའི་ཡིག་ཚགས་ནང་བཅུག་ཡོད། 2017ལོར་འཆར་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་སྤྱི་ཡོངས་ཀྱི་ཚད་གཞི་ལོན་ཚད་97.8%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3མཐོ་རུ་ཕྱིན་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་བརྟན་ཐོག་ལེགས་བརྩོན་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།